ཉི་ཧོང་གྲོས་ཚོཌ་འཐུས་མིས་༧གོང་ས་མཆོག་ལ་མཇལ་འཕྲད།
2011.11.07
༄༅༎དེ་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་ཁུལ་ཉིན་གྲངས་བཅུའི་རིང་གི་ཆིབས་བསྒྱུར་གྱི་ཉིན་མཐའ་མ་དེར་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག། ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་སྦེ་ཡིས་སྣེ་འཁྲིད་གནང་བའི་ཚོགས་ཆུང་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བསུའི་སྣེ་ལེན་དང་བཅས་༧གོང་ས་མཆོག་གིས་ས་ཡོམ་དང་མཚོ་རླབས་ཀྱི་གོད་ཆག་ཤུགས་ཆེ་ཕོག་ཡུལ་ཉི་ཧོང་གི་ས་གནས་ཁག་དུ་ཆེད་ཕེབས་ཀྱིས་སྡུག་བསྔལ་གྱི་མནར་བའི་ཉི་ཧོང་མང་ཚོགས་ལ་སེམས་གསོ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ།
ཁོང་དང་ལྷན་དུ་ཡོད་པའི་ཉི་ཧོང་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོས་ ༧གོང་ས་མཆོག་གི་བོད་རྒྱའི་དབར་གྱི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཕྱག་བསྟར་གནང་བ་དེར་རྒྱབ་སྐྱོར་དང༌། བར་ལམ་བོད་ནང་གི་གནས་སྟངས་ཇི་ཞན་ཇི་སྡུག་ཏུ་འགྲོ་གི་ཡོད་པར་བློ་འཚབ་གསལ་བཏོན་གནང་བཞག།
དེ་རྗེས་༧གོང་ས་མཆོག་གིས་རྒྱལ་ས་ཀྲོཀ་ཡོ་ནང་ཉི་ཧོང་གི་རང་དབང་གསར་ཤོག་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་གསར་འགོད་ལྷན་ཚོགས་ཐོག་ཆིབས་བསྒྱུར་གྱིས་ད་རེས་ཉི་ཧོང་ཁུལ་གཙོ་བོ་གསུང་ཆོས་དང་རང་བཞིན་འབྱུང་བའི་དཀའ་སྡུག་མྱོང་བཞིན་པའི་ཉི་ཧོང་མང་ཚོགས་ལ་སེམས་གསོ་གནང་བར་ཕེབས་ཡོད་སྐོར་བཀའ་གནང་བ་དང་སྦྲགས། ༧གོང་ས་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་ཡར་རྒྱས་གཏོང་གནང་རྒྱུ་དང༌། ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཡོང་བའི་དགོངས་གཞི་གཉིས་གསལ་བཏོན་གནང་བཞག།
གོང་ཞུས་གསར་འགོད་ལྷན་ཚོགས་དེའི་ཐོག་ཉི་ཧོང་གི་བརྙན་འཕྲིན་དང་གསར་ཤོག་ཆེ་ཁག་གི་གསར་འགོད་པ་༨༠ཙམ་སྐུ་བཅར་ཞུས་ཡོད་པ་དང༌། གསར་འགོད་པའི་ཁྲོད་ནས་༧གོང་ས་མཆོག་ལ་ ཉེ་དུས་བོད་ནང་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་གཅིག་མཇུག་གཉིས་མཐུད་བྱུང་བའི་གནད་དོན་སྐོར་བཀའ་འདྲི་དགོངས་སྐོར་ཞུ་སྐབས་། རྒྱ་ནག་གིས་བོད་ཐོག་ལོ་ངོ་༦༠འི་རིང་དབང་སྒྱུར་བྱས་པའི་མཐར་བོད་ནང་གི་བོད་མི་ཚོར་དཀའ་ངལ་ཡོད་པའི་དངོས་ཡོད་གནས་ཚུལ་ད་རེས་བོད་ནང་གི་དོན་རྐྱེན་དེ་ནས་གསལ་པོ་མངོན་ཐུབ་པ་དང༌། རང་དབང་དང་དྲང་བདེན་རྩོད་ལེན་བྱེད་མཁན་བོད་མི་ཚོ་འུ་ཐུག་ཐབས་གཟད་དུ་གྱུར་ནས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་སྟབས། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་པའི་ཐོག་ནས་བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག། ༧གོང་ས་མཆོག་གིས་ ཉི་ཧོང་ཁུལ་གྱི་ཉིན་གྲངས་བཅུའི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ་སོག་ཡུལ་དུ་ཉིན་གྲངས་༣རིང་གི་མཛད་འཆར་བསྐྱོངས་གནང་མཛད་རྒྱུ་ཡིན་པ་རེད།