༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་མཛད་འཕྲིན་སྐོར།

དགོན་སྡེ་ཁག་གི་ནང་ནས་སློབ་གཉེར་བྱས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤྱི་ཚོགས་སུ་ནང་ཆོས་སློབ་འཁྲིད་བྱེད་རྒྱུར་ཕན་ཐོགས་ཡོང་གི་ཡོད་ལུགས།

2011.02.03

༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དགོན་སྡེ་ཁག་གི་ནང་ནས་སློབ་གཉེར་བྱས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྤྱི་ཚོགས་སུ་ནང་ཆོས་སློབ་འཁྲིད་བྱེད་རྒྱུར་ཕན་ཐོགས་ཡོང་གི་ཡོད་ལུགས་བཀའ་སྩལ་གནང་ཡོད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བདུན་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཞབས་སོར་འཁོད་གནང་མཛད་ནས་ཐོག་མར་ར་སྟོད་གྲྭ་ཚང་གི་གཙུག་ལག་ཁང་གསར་བཞེངས་དབུ་འབྱེད་གནང་ཡོད་པ་དང་། དེ་ནས་རིམ་བཞིན་ཤར་རྩེ་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆོས་འབྲེལ་བསྐྱངས་གནང་བཞིན་ཡོད་པ་རེད་ལ་རིམ་པས་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བལྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུངས་ཆོས་དང་འབྲེལ་དེར་འདུས་དགེ་བཙུན་དང་། གཞན་ཡང་མང་ཚོགས་ལ་ལམ་སྟོན་བཀའ་སློབ་ཡང་སྩལ་གནང་ཡོད་པའི་ནང་དོན། བཙན་བྱོལ་དུ་ཡོད་པའི་དགོན་སྡེ་ཆེ་ཁག་གི་ནང་། དགེ་འདུན་པ་རྣམས་བོད་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་དྭགས་ནས་ཨ་རུ་ན་ཅལ་གྱི་མོན་ཏྭ་དབང་། སོག་ཡུལ་སོགས་ནས་ཆེད་དུ་མངགས་ནས་ནང་ཆོས་སློབ་གཉེར་དུ་ཡོང་ནས་མཐར་སློབ་གཉེར་མཐར་ཕྱིན་པ་གནང་ནས་སོ་སོའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་གི་ཡོད་པ་ནི་ཧ་ཅང་ཡག་པོ་རེད། དེ་དང་ཕྱོགས་མཚུངས་བོད་ནང་ཆོས་ཕྱོགས་ཀྱི་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་མིན་ལ་མ་ལྟོས་པར་བཙན་བྱོལ་ནང་སློབ་གཉེར་དུ་ཡོང་ནས་རང་ཡུལ་ལ་ཕྱིར་ལོག་ནས་བོད་ནང་དུའང་སློབ་འཁྲིད་བྱེད་རྒྱུར་ཕན་ཐོགས་ཡོང་བའི་རེ་བ་ཞུ་གི་ཡོད་ཅེས་བཀའ་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་དགེ་འདུན་པ་རྣམས་ནས་རྒྱུན་དུ་ནང་ཆོས་སློབ་གཉེར་བྱེད་རྒྱུ་དེ་བཞིན་སོ་སོ་རང་ཉིད་ཀྱི་ཁེ་ཕན་གཅིག་པུར་བསམ་བློ་མ་བཏང་བར་གཞན་ཕན་གྱི་སྐུལ་སློང་འཁྱེར་ནས་སློབ་གཉེར་བྱེད་དགོས་རྒྱུའང་ཧ་ཅང་གལ་ཆེན་པོ་ཡིན་ལུགས་ལམ་སྟོན་བཀའ་སློབ་སྩལ་གནང་ཡོད་པ་རེད། ཡང་༧གོང་ས་མཆོག་གིས། དགོན་སྡེ་ཁག་གསར་བཞེངས་ཞུ་རྒྱུར་མཐུན་འགྱུར་རོགས་རམ་གནང་མཁན་ཚོར་ཡང་ནང་ཆོས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་ཞབས་འདེགས་གྲུབ་གནང་བ་ཞིག་ཡིན་པའི་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎