རྒྱ་གར་དུ་༸གོང་ས་མཆོག་ནས་སྨན་པ་༣༠༠ལྷག་ལ་བཀའ་སློབ།
2012.02.28
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དེ་རིང་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ བཞུགས་སྒར་རྡ་རམ་ས་ལའི་ཉེས་འཁྲིས་སུ་ཡོད་པའི་ Dr. Rajendra Prasad སྨན་གྱི་མཐོ་རིམ་སློབ་གྲྭར་ཚུགས་པའི་ནད་གཞི་སྔོན་འགོག་དང་སྤྱི་ཚོགས་འཕྲོད་བསྟེན་གྱི་རྒྱ་གར་རྒྱལ་ཡོངས་ཀྱི་མཐུན་ཚོགས་དེའི་ཚོགས་འདུའི་གཙོ་མགོན་དུ་ཞབས་སོར་གྱིས་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཡོད་པ་རེད།
རྒྱ་གར་གྱི་མངའ་སྡེ་ ༢༤ ནས་ཆེད་བཅར་ཞུས་པའི་སྨན་པ་ ༣༠༠ སྐོར་ཡོད་པ་དེ་དག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རང་ཉིད་ཀྱི་ལས་དོན་དེ་གླ་ཕོགས་དོན་གཉེར་ཙམ་མིན་པར། བྱམས་བརྩེ་ལྡན་ཞིང༌། གཞན་གྱི་སྡུག་བསྔལ་ལ་དོ་འཁུར་ལེན་པའི་བསམ་པ་ཞིག་ངེས་པར་དགོས་གལ་ཆེ་བའི་སྐོར་བཀའ་སློབ་གནང་བ་མ་ཟད། སྨན་པ་ཚོས་ནད་པ་ཚོར་སྨན་བཅོས་བྱེད་པའི་སྐབས་འཕྲུལ་འཁོར་གྱི་བཟོས་པའི་མི་ལྟ་བུ་མ་ཡིན་པར། བསམ་པ་བཟང་པོའི་ཐོག་ནས་སྨན་བཅོས་ཀྱི་ལས་དོན་གཉེར་དགོས་པ་བཀའ་གནང་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་ཀྱི་ནད་གཞི་སྔོན་འགོག་དང་སྤྱི་ཚོགས་འཕྲོད་བསྟེན་གྱི་རྒྱལ་ཡོངས་ཚོགས་འདུ་འདི་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅཱལ་ནང་ཚུགས་པ་དང་པོ་དེ་ཡིན་ཞིང༌། ཚོགས་འདུའི་གཙོ་སྐྱོང་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཚོགས་འདུའི་དབུ་འབྱེད་དུ་ཆིབས་བསྒྱུར་བྱིན་རླབས་མཛད་པས་ཐུགས་རྗེ་ཞུས་གནང་འདུག།