ཐའེ་ལན་ཌི་གྱི་ས་འགུལ་གནོད་སྐྱོན་ཁྲོད་རྒྱ་ནག་གིས་འཛུགས་བསྐྲུན་བྱས་པའི་ཁང་བརྩེགས་རྡིབ་པར་མང་ཚོགས་ཀྱིས་རྒྱ་ནག་ལ་མ་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག

2025.04.03
ཐའེ་ལན་ཌི་གྱི་ས་འགུལ་གནོད་སྐྱོན་ཁྲོད་རྒྱ་ནག་གིས་འཛུགས་བསྐྲུན་བྱས་པའི་ཁང་བརྩེགས་རྡིབ་པར་མང་ཚོགས་ཀྱིས་རྒྱ་ནག་ལ་མ་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག ཐའི་ལན་ཊི་ནང་ཐོག་བརྩེགས་ཁང་ཆེན་བརྡིབས། ༢༠༢༥།༠༤།༠༢
Photo: RFA

ཉེ་ལམ་འབར་མ་དང་ཐའི་ལན་ཊི་ནང་བྱུང་བའི་ས་འགུལ་ཁྲོད་རྒྱ་ནག་གིས་འཛུགས་སྐྲུན་བྱས་པའི་ཐོག་བརྩེགས་ཁང་ཆེན་རྡིབ་སྐྱོན་གྱིས་ལས་མི་མང་པོའི་ཚེ་སྲོག་ཤོར་བར་ཐའི་ལན་ཊི་མི་མང་གིས་རྒྱ་ནག་གི་སྤུས་ཚད་ཞན་པའི་འཛུགས་སྐྲུན་ལ་ཞེན་ལོག་མ་དགའ་བའི་རྣམ་འགྱུར་སྟོན་བཞིན་འདུག

ཐའེ་ལན་ཌི་ནང་རྒྱ་མི་ཚོང་ལས་གཉེར་མཁན་མང་དུ་འགྲོ་བཞིན་པར་བལྟ་ཕྱོགས་བཟང་པོ་མེད་པའི་སྐབས་འདིར། ཉེ་ལམ་འབར་མར་ས་ཡོམ་ཤུགས་ཚད་ ༧་༧ ཅན་ཞིག་བྱུང་རྐྱེན། ཐའེ་ལན་ཌི་གྱི་གྲོང་ཁྱེར་བོ་བིན་(Bowin) ནང་གནོད་ཐེབས་ཚབ་ཆེན་བྱུང་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་འཛུགས་བསྐྲུན་བྱེད་བཞིན་པའི་ཁང་བརྩེགས་ཤིག་བརྡིབས་ནས་ལས་མི་མང་དག་ཅིག་རྐྱེན་འདས་ཕྱིན་ཡོད་པར། ཐའེ་ལན་ཌི་མི་མང་གིས་རྒྱ་ནག་གི་འཛུགས་སྐྲུན་ལས་གཞིར་མ་དགའ་བའི་རྣམས་འགྱུར་སྟོན་མཁན་ཇེ་མང་དུ་འགྲོ་བཞིན་འདུག

འབྲེལ་ཡོད་འཛིན་སྐྱོང་ནས་ཁང་པ་དེ་ཁོ་ན་རྡིབ་སྐྱོན་བྱུང་དགོས་དོན་ཞིབ་དཔྱོད་བྱེད་བཞིན་པའི་ཁྲོད། མང་བརྩེགས་དེར་ལྕགས་རིགས་རྒྱུ་ཆ་ཞན་པ་བེད་སྤྱོད་བྱས་ཡོད་པ་གསལ་སྟོན་བྱུང་འདུག་ཅིང་། ཐའེ་ལན་ཌི་གྱི་ཆབ་སྲིད་པ་ཚོས་སྤྱིར་ལུང་པའི་ནང་མང་ཚོགས་ཁྲོད་རྒྱ་ནག་གི་ཚོང་ལས་གཉེར་མཁན་ཚོས་དམངས་ལ་ཕན་ཐོགས་ཀྱི་མེད་པའི་ཚོར་སྣང་ཡོད་པ་དེ་ཤུགས་ཆེ་རུ་གཏང་རྒྱུའི་གོ་སྐབས་བཟུང་སྟེ། བཟོ་ལས་བློན་ཆེན་ཨ་ཀ་ནཏ་པརོམ་ཕན་ (Akanat Promphan) ལགས་ཀྱིས། གོད་ཆག་འདི་བྱུང་རྐྱེན་དང་འབྲེལ་ནས་ད་ལྟ་བསྡོམ་རྒྱབ་མི་ཉན་ནའང་། ས་འགུལ་གནོད་སྐྱོན་ཐེབས་ཡུལ་དུ་ཁང་བརྩེགས་འདི་ཁོ་ན་ཞིག་ཡོད་པས། རྒྱུ་མཚན་གང་ཡིན་མིན་ཕལ་ཆེར་མང་ཚོགས་ཀྱིས་མཁྱེན་གསལ་རེད་ཅེས་གསུངས་འདུག

སྤྱིར་ཐའེ་ལན་ཌི་ནང་ལོ་བཅུ་ཕྲག་མང་པོའི་རིང་ཕྱིའི་རྒྱལ་ཁབ་ཀྱི་མ་རྩ་ཆེ་ཤོས་འཇོག་མཁན་གཙོ་བོ་དེ་ཉེ་འོང་ཆགས་བསྡད་ཡོད་ཀྱང་། ཉེ་བའི་ཆར་ཕྱི་ལོ་ ༢༠༡༩ དང་ ༢༠༢༣ ལོ་གཉིས་ནང་མ་རྩ་ཆེ་ཤོས་འཇོག་མཁན་དེ་རྒྱ་ནག་ཆགས་ཡོད་ལ། དེ་ནི་གཙོ་བོ་ཨ་རི་ནང་ཊམཔ་གཞུང་འཛིན་གྱིས་རྒྱ་ནག་ལ་སྒོ་ཁྲལ་སྤར་བར་གདོང་ལེན་བྱེད་ཐབས་སུ་ཐའེ་ལན་ཌི་ནང་མ་རྩ་བཙུགས་པ་བརྒྱུད་ཨ་རིར་ཕྱིར་ཚོང་བྱ་འཆར་ཡིན་ནའང་། ཟླ་ ༤ ཚེས་ ༢ ཉིན་ཨ་རིས་ཐའེ་ལན་ཌི་ལའང་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༣༦ བཀལ་ཡོད་སྟབས། རྒྱ་ནག་གི་གོ་ཁྲལ་གཡོལ་ཐབས་ཀྱི་ཐབས་བྱུས་དེ་ཕན་ནུས་མེད་པར་འགྱུར་ཡོད།

སྐབས་བབ་རྒྱ་ནག་གིས་འཛུགས་བསྐྲུན་བྱེད་བཞིན་པའི་ཁང་བརྩེགས་རྡིབ་སྐྱོན་དང་འབྲེལ། རྒྱ་ནག་གཞུང་ཚབ་ཀྱི་སྐུ་ཚབ་ཞིག་གིས། འབྲེལ་ཡོད་ཚོང་ལས་ཚོགས་པས་ཐའེ་ལན་ཌི་གཞུང་གི་ཞིབ་འཇུག་ལ་རྒྱབ་སྐྱོར་དང་མཉམ་ལས་བྱེད་དགོས་ལ། ཞིབ་འཇུག་བྱས་མཐར་གྲུབ་འབྲས་དྲང་པོ་ཡོང་བའི་ཡིད་ཆེས་ཡོད་པ་བརྗོད་འདུག

རྩ་བའི་ཐའེ་ལན་ཌི་ནང་འགུལ་ཚོར་བྱུང་བའི་ས་འགུལ་དེ་ནི། ཕྱི་ཟླ་ ༣ ཚེས་ ༢༨ རེས་གཟའ་པ་སངས་ཉིན་འབར་མར་ཤུགས་ཚད་ ༧་༧ ཅན་གྱི་ས་ཡོམ་བརྒྱབ་པ་དེ་ཡིན་ལ། དེའི་སྐོར་འབར་མའི་རྒྱལ་ཁབ་ཀྱི་དམག་གཞུང་ཇོན་ཊ་ (junta) ཡིས་གསལ་བསྒྲགས་བྱས་པ་ལྟར་ན། ད་བར་མི་གྲངས་ ༣༠༠༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་།

བར་མའི་ནང་གྲོང་བརྡལ་ ༣༣༠ ཡོད་པ་ལས་ ༥༧ ལ་གནོད་སྐྱོན། དེ་བཞིན་མི་གྲངས་ཁྱོན་ས་ཡ་ ༡༧ ལྷག་ལ་རྨས་སྐྱོན་ཕོག་པ་ཡོད་ལ། དེའི་ནང་ནས་མི་གྲངས་ས་ཡ་ ༩ གནོད་ཚབས་ཆེ་ཕོག་ཡོད་པ་བསྒྲགས་འདུག ད་ལྟའི་ཆར་ས་གནས་ཡུལ་མི་རྣམས་ལ་ཟས་གོང་གནས་མལ་གྱི་དཀའ་ངལ་ཐོག་དཀའ་ངལ་ཆེན་པོའི་འཕྲད་བཞིན་ཡོད་པ་མ་ཟད། འདས་པའི་ཉིན་དྲུག་རིང་གཡོ་འགུལ་ཐེངས་ ༦༥ བྱུང་ཟིན་པ་དང་། ད་དུང་ཡང་འབྱུང་སྲིད་པའི་སེམས་ཁྲལ་བྱེདབཞིན་ཡོད་པ་རེད།

དེ་འབྲེལ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འབར་མའམ་མ་ཡན་མར་གཙོ་བོར་གྱུར་བའི་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་ཁག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། “ངོས་ནས་མ་ཡན་མར་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཐེའི་ལེན་ཌི་སོགས་སུ་ས་ཡོམ་གྱི་གོད་ཆག་ལ་བརྟེན་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་འབྲེལ་ཡོད་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།” ཞེས་བཀའ་སྩལ་གནང་མཛད་ཡོད་པ་རེད།།

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎