སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་ཡན་མར་གཙོ་བོར་གྱུར་བའི་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་ཁག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུག

ཟླ་བ་ ༣ ཚེས་ ༢༨ ཉིན་མ་ཡན་མར་ནང་ས་ཡོམ་ཚད་རིམ་ ༧།༧ ཅན་ཞིག་བརྒྱབ་སྟེ། ད་ལྟའི་ཆར་མི་གྲངས་ ༡༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྐོར། མ་ཡན་མར་རྒྱལ་ཁབ་ཀྱི་དམག་གཞུང་ (junta) ཡིས་གསལ་བསྒྲགས་བྱས་ཡོད་པར། འདི་ཚེས་ ༢༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འབར་མའམ་མ་ཡན་མར་གཙོ་བོར་གྱུར་བའི་ས་ཡོམ་གྱིས་གནོད་ཐེབས་ས་ཁུལ་ཁག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། “ངོས་ནས་མ་ཡན་མར་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཐེའི་ལེན་ཌི་སོགས་སུ་ས་ཡོམ་གྱི་གོད་ཆག་ལ་བརྟེན་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་འབྲེལ་ཡོད་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན།” ཞེས་བཀའ་སྩལ་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་ཙམ་དུ་མ་ཟད། རྒྱ་གར་ངོས་ནས་ཀྱང་གནོད་ཐེབས་ས་ཁུལ་ཁག་ཏུ་རོགས་སྐྱོར་མི་སྣ་ཆེད་གཏོང་སོགས་བརྒྱུད། མཐུན་འགྱུར་རོགས་རམ་མཁོ་སྤྲོད་གནང་བཞིན་པ་ཤེས་རྟོགས་བྱུང་བར་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་འདུག
མཇུག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། མ་ཡན་མར་གྱི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དང་། ངལ་སེལ་དང་རོགས་སྐྱོར་གྱི་ལས་འགུལ་ཆེད་མགོན་པོ་མཆོག་གིས་དགའ་ལྡན་ཕོ་བྲང་ཐེབས་རྩ་ཁང་ལ་ཞལ་འདེབས་གསོལ་སྩལ་མཛད་རྒྱུའི་རེ་སྐུལ་ཞུས་ཡོད་ཅེས་བཀའ་སྩལ་མཛད་ཡོད་པ་རེད།
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྤྱི་ཚོགས་དྲྭ་ལམ་ X ཐོག འབར་མའི་ནང་ས་ཡོམ་ཤུགས་ཚད་ ༧།༧ ཅན་ཞིག་བརྒྱབ་སྟེ་ཉེ་འཁོར་ཡུལ་གྲུ་ཁག་ཏུའང་དོ་ཕོག་ཤུགས་ཆེ་ཐེབས་པའི་སྐོར་ཐོས་པར་བློ་ཕམ་ཆེན་པོ་བྱུང་ཞེས་དང་། གནོད་འཚེ་ཕོག་ཡུལ་མི་མང་ཡོངས་ལ་སྨོན་ལམ་འདེབས་རྒྱུ་དང་། དཀའ་ངལ་དེའི་དུས་སྐབས་སུ་མ་ཡན་མར་རྒྱལ་ཁབ་ལ་སྟོབས་ཤུགས་དང་སྙིང་སྟོབས་མུ་མཐུད་ལྡན་པར་སྨོན་ཞེས་གསུངས་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།