བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཟི་ལིང་དུ་འབྱོར་འདུག

2022.04.15
བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཟི་ལིང་དུ་འབྱོར་འདུག བཀྲ་ཤིས་དབང་ཕྱུག་ལགས་མགོ་ལོག་ཁུལ་མི་རིགས་སློབ་འབྲིང་མདུན། ༠༤།༠༨།༢༠༢༢
@Tashi Wangchuk/Weibo

བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་བོད་སྐད་ཡིག་གི་གནས་སྟངས་རྟོག་ཞིབ་ཆེད་འགྲུལ་སྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་རྗེས་འདེད་དང་བསུན་གཙེར་བྱས་རྗེས་གནས་སྟངས་ཁ་གསལ་མེད་པར་གྱུར་ཀྱང་ད་ལྟ་ཁོང་ཟི་ལིང་དུ་འདུག
དེ་ཡང་ཕྱི་ཟླ་༤བའི་ཚེས་༦ནས་བཟུང་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུག་ལགས་ཡུལ་ཤུལ་ནས་ཟི་ལིང་དུ་འགྲོ་སྐྱོད་ཀྱི་ལམ་བར་དུ་མགོ་ལོག་དང་རེབ་གོང་། རྨ་ལྷོ་སོགས་སུ་བོད་པའི་སློབ་གྲྭ་ཁག་ཏུ་ཆེད་བསྐྱོད་ཀྱིས། སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་གི་སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་སོགས་ཀྱི་པར་རིས་དང་གནས་ཚུལ་(Weibo)་དྲ་བར་བཀོད་སྤེལ་བྱས་པ་དང་འབྲེལ། ཁོང་རེབ་གོང་རྫོང་དང་རྨ་ལྷོ་ཁུལ་དུ་མགྲོན་ཁང་ནས་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་བ་སོགས་བསུན་གཙེར་གྱི་གནས་སྟངས་འོག་དཀའ་ངལ་རིམ་པར་འཕྲད་ཡོད་པ་དང་། རེབ་གོང་དུ་མགྲོན་ཁང་དུ་ཐོ་འགོད་བྱས་སྐབས། མགྲོན་ཁང་མང་པོ་ནས་རྫོང་ཉེན་རྟོག་ལས་ཁུངས་ཀྱི་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཁོང་མགྲོན་ཁང་ནས་ཕྱིར་ཕུད་བཏང་བསྡད་མ་བཅུག་པའི་རྗེས། ཚེས་༡༠ནས་ཉིན་ཤས་རིང་ཁོང་གར་ཡོད་ཤེས་རྟོགས་མ་ཐུབ་པ་གྱུར་འདུག་ཀྱང་། ཕྱི་ཟླ་༤ཚེས་༡༥ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྒེར་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་མིང་མ་སྨོས་པའི་བོད་མི་ཞིག་གིས། འདས་པའི་ཉིན་གྲངས་འགའ་ཤས་རིང་བཀྲིས་དབང་ཕྱུག་ལགས་ཟི་ལིང་གྲོང་ཁྱེར་ནང་ཡོད་པའི་ཁོང་གི་ཕུ་བོ་ཞིག་གི་ནང་དུ་གནས་སྡོད་བྱེད་བཞིན་པ་དང་། དེང་སྐབས་ཟི་ལིང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཆེ་རུ་འགྲོ་བཞིན་པར་བརྟེན་ཉིན་གྲངས་༡༥རིང་ཁྱིམ་སྡོད་བཀག་རྒྱའི་སྒྲིག་གཞི་ལྟར་ཟི་ལིང་གྲོང་ཁྱེར་དུ་བཞུགས་དགོས་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་༡༠ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་གི་ཝེ་པོ་དྲ་རྒྱའི་སྟེང་སྤེལ་བཞིན་པའི་གནས་ཚུལ་དང་བཅས་ཁོང་གི་དྲ་བྱང་ཡོངས་སུ་ནག་བསུབ་བཏང་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་༢༠༢༡ལོའི་ཟླ་༡ཚེས་༢༧ཉིན་ཀློད་གྲོལ་ཐོབ་རྗེས། ཁོང་གིས་སྔ་གཞུག་ཏུ་ཝེ་པོ་སྤྱི་ཚོགས་དྲ་ལམ་བརྒྱུད་ཡུལ་ཤུལ་ཁུལ་གཙོའི་བོད་ནང་གི་བོད་སྐད་ཡིག་གནས་བབ་དང་སྲིད་གཞུང་ཁག་གིས་བོད་སྐད་ཡིག་གི་ཁྲིམས་སྲོལ་ལག་བསྟར་ཐད་བསམ་ཚུལ་དང་རྩོམ་ཐུང་རིགས་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡ཚེས་༡༢ཉིན་བཀྲ་ཤིས་དབང་ཕྱུག་ལགས་ནས་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་ལ་ཁུལ་དེའི་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་དགོས་པའི་དགོས་འདུན་ཞུ་གཏུག་ཆེད་བཅར་སྐབས།བདེ་སྲུང་མི་སྣས་བཀག་འགོག་བྱས་ཡོད་པ་རེད་ལ། ཕྱི་ཟླ་༡ཚེས་༡༧ཉིན་ཡུལ་ཤུལ་ཉེན་རྟོག་པས་ཉེན་རྟོག་ཁང་དུ་འབོད་འགུག་གིས་ཆུ་ཚོད་གསུམ་རིང་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་བོད་སྐད་ཡིག་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད། ཁོང་གིས་ཨ་རིའི་(New York Times)གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ་ ༢༠༡༦ཟླ་༡ནང་འཛིན་བཟུང་གིས། ཕྱི་ལོ་༢༠༡༨ཟླ་༥ཚེས་༢༢ཉིན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་ལྡན་བློ་གྲོས། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎