བོད་ཀྱི་སྐད་ཡིག་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ཁ་གསལ་མེད་པར་གྱུར་འདུག
ཉེ་སྔོན་ཕྱི་ཟླ་༤བའི་ཚེས་༦ནས་བཟུང་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་བཀྲ་ཤིས་དབང་ཕྱུག་ལགས་ཡུལ་ཤུལ་ནས་ཟི་ལིང་དུ་འགྲོ་སྐྱོད་ཀྱི་ལམ་བར་དུ་མགོ་ལོག་དང་རེབ་གོང་། རྨ་ལྷོ་སོགས་སུ་བོད་པའི་སློབ་གྲྭ་ཁག་ཏུ་ཆེད་བསྐྱོད་ཀྱིས། དེ་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་སློབ་ཚན་ཚང་མ་རྒྱ་ཡིག་ཏུ་བསྒྱུར་ཡོད་པ་སོགས་ཀྱི་པར་རིས་དང་གནས་ཚུལ་(Weibo)་དྲ་བར་ཆེད་བཀོད་བྱས་པ་དང་འབྲེལ། ཁོང་རེབ་གོང་རྫོང་དང་རྨ་ལྷོ་ཁུལ་དུ་མགྲོན་ཁང་ནས་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་བ་སོགས་བསུན་གཙེར་གྱི་གནས་སྟངས་འོག་དཀའ་ངལ་རིམ་པར་འཕྲད་ཡོད་པ་དང་། ད་ལྟའི་ཆར་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་གསལ་ཁ་གསལ་མེད་པ་འབྲེལ་ཡོད་བོད་ནང་གི་བོད་མི་ཞིག་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བཀྲ་ཤིས་དབང་ཕྱུག་ལགས་ཟི་ལིང་ལ་འགྲུལ་བསྐྱོད་དང་འབྲེལ་སྔ་ལོར་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་གཙོས་མགོ་ལོག་དང་རེབ་གོང་ཕྱོགས་ཀྱི་སློབ་གྲྭ་ཁག་ཅིག་ཏུ་ལྟ་སྐོར་བྱས་ཡོད་པའི་པར་རིས་དང་བརྙན་སོགས་དྲ་བར་སྤེལ་ཡོད་པ་དང་། ཕྱི་ཚེས་༧ཉིན་ཁོང་རེབ་གོང་དུ་འབྱོར་རྗེས་མགྲོན་ཁང་ཞིག་ཏུ་ཐོ་འགོད་བྱས་ཏེ་ཆུ་ཚོད་ཕྱེད་ཀ་ཙམ་ལས་མ་སོང་བར། མགྲོན་ཁང་བདག་པོས་རྫོང་ཉེན་རྟོག་པས་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཁོང་མགྲོན་ཁང་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ཁོང་གིས་སློབ་གྲྭ་ཁག་ཏུ་ལྟ་སྐོར་སྐབས་རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ནང་གི་སློབ་ཆུང་ལོ་རིམ་དང་པོ་དང་། གཉིས་པ། གསུམ་པ། རྨ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་ཆུང་དང་སློབ་འབྲིང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་སོགས་ཀྱི་སློབ་གྲྭའི་སློབ་གཞི་རྒྱ་ཡིག་ཏུ་བསྒྱུར་ཡོད་སྐོར་བཀོད་འདུག
ཡང་ཁོང་གིས་ཕྱི་ཚེས་༨དང་༩གཉིས་སུ་བསྐྱར་དུ་མགྲོན་ཁང་གླས་ཀྱང་སྔར་བཞིན་ཉེན་རྟོག་པས་བཀོད་ཁྱབ་ཡིན་སྐོར་བརྗོད་ནས་ཕྱིར་ཕུད་དང་སུན་བཙེར་བྱས་ཡོད་པ་དང་། མཐར་ཁོང་གིས་གནད་དོན་དེ་སྤྱི་བདེ་ཉེན་རྟོག་ཁང་དུ་ཞུ་གཏུག་ཆེད་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྤྱི་བདེ་ལས་ཁུངས་སུ་བཅར་བར་ཞུ་གཏུག་བྱེད་སའི་མི་སྣ་མེད་སྐོར་བརྗོད་ནས་ཡོང་བཅུག་མེད་པ་དང་། ཕྱི་ཉིན་དེར་བསྐྱར་དུ་རེབ་གོང་རྫོང་སྒྲིག་ཁྲིམས་ཞིབ་དཔྱོད་ཁང་དུ་ཞུ་གཏུག་ཆེད་སོང་བར་ཞིབ་དཔྱོད་ཁང་དེ་སྒོ་བརྒྱབས་ཡོད་པས་ཞུ་གཏུག་ཐུབ་མེད་པ་རེད།
ཕྱི་ཚེས་༡༠ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ཁོང་གི་ཝེ་པོ་དྲ་རྒྱའི་སྟེང་སྤེལ་བཞིན་པའི་གནས་ཚུལ་དང་བཅས་ཁོང་གི་དྲ་བྱང་ཡོངས་སུ་ནག་བསུབ་བཏང་ཡོད་སྟབས། ད་ལྟའི་ཆར་ཁོང་གི་གནས་སྟངས་ཐད་གསལ་ཁ་མེད་པ་ཆགས་ཡོད་པ་རེད།
བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་ད་ལྟའི་ཆར་བཀྲ་དབང་ཕྱུག་ལགས་ཀྱི་གནས་སྟངས་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོ་མིང་ཐོ་ནག་པོའི་ནང་དུ་བཅུག་སྟེ་མཐའ་ན་ལས་ཀ་དང་མགྲོན་ཁང་དུ་སྡོད་རྒྱུར་དཀའ་ངལ་བཟོ་བཞིན་ཡོད་སྐོར་བརྗོད་བྱུང་།
བཀྲ་ཤིས་དབང་ཕྱུག་ལགས་ཕྱི་ལོ་༢༠༢༡ལོའི་ཟླ་༡ཚེས་༢༧ཉིན་ཀློད་གྲོལ་ཐོབ་རྗེས། ཁོང་གིས་སྔ་གཞུག་ཏུ་ཝེ་པོ་སྤྱི་ཚོགས་དྲ་ལམ་བརྒྱུད་ཡུལ་ཤུལ་ཁུལ་གཙོའི་བོད་ནང་གི་བོད་སྐད་ཡིག་གནས་བབ་དང་སྲིད་གཞུང་ཁག་གིས་བོད་སྐད་ཡིག་གི་ཁྲིམས་སྲོལ་ལག་བསྟར་ཐད་བསམ་ཚུལ་དང་རྩོམ་ཐུང་རིགས་སྤེལ་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༡ཚེས་༡༢ཉིན་བཀྲ་ཤིས་དབང་ཕྱུག་ལགས་ནས་ཡུལ་ཤུལ་གྲོང་ཁྱེར་སྲིད་གཞུང་ལ་ཁུལ་དེའི་གཞུང་གི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་གཏོང་དགོས་པའི་དགོས་འདུན་ཞུ་གཏུག་ཆེད་བཅར་སྐབས།བདེ་སྲུང་མི་སྣས་བཀག་འགོག་བྱས་ཡོད་པ་རེད་ལ། ཕྱི་ཟླ་༡ཚེས་༡༧ཉིན་ཡུལ་ཤུལ་ཉེན་རྟོག་པས་ཉེན་རྟོག་ཁང་དུ་འབོད་འགུག་གིས་ཆུ་ཚོད་གསུམ་རིང་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
བཀྲ་ཤིས་དབང་ཕྱུག་ལགས་བོད་སྐད་ཡིག་ཐོབ་ཐང་དང་འབྲེལ་རྒྱ་ནག་གཞུང་ལ་ཞུ་གཏུག་ལན་མང་གནང་བ་མ་ཟད། ཁོང་གིས་ཨ་རིའི་(New York Times)གསར་ཁང་ལ་གནད་དོན་དེའི་སྐོར་གསུངས་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ཕྱི་ལོ་ ༢༠༡༦ཟླ་༡ནང་འཛིན་བཟུང་གིས། ཕྱི་ལོ་༢༠༡༨ཟླ་༥ཚེས་༢༢ཉིན་རྒྱལ་ཁབ་ཁ་བྲལ་གྱི་་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།