བཀྲ་ཤིས་ལྷུན་པོ་དགོན་པའི་སློབ་གྲྭ་དེ་རྒྱ་གར་གཞུང་གིས་ངོས་འཛིན་ཐོབ་པ།
དེ་ཡང་བྱེས་ཀྱི་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་སློབ་གྲྭ་དེ་བཞིན་རྒྱ་གར་གཞུང་གི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་རང་སྐྱོང་གི་སྡེ་ཚན་(National Institute of open School
(NIOS)ཞེས་པའི་དེའི་ངོས་འཛིན་ཐོབ་ཐབས་སུ་ཞུ་གཏུགས་རིམ་པ་གནང་རྗེས། སྔ་ལོ་ཕྱི་ཟླ་༨པའི་ཚེས་༡༧ཉིན་དགོན་པའི་སློབ་གྲ་དེ་བཞིན་རྒྱ་གར་གཞུང་གི་ཤེས་རིག་གི་སྡེ་ཚན་དེའི་ངོས་ནས་ངོས་འཛིན་ཐོབ་པར་བརྟེན། ད་ཆ་གྲ་ཚང་དེའི་སློབ་ཕྲུག་ཚོ་ས་གནས་གཞན་དུ་བསྐྱོད་དེ་མུ་མཐུད་དུ་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཡོད་མཁན་ཚོར་གྲ་ཚང་གི་སློབ་གྲྭའི་ལག་འཁྱེར་གྱི་ཐོག་ནས་འཛུལ་ཞུགས་ཆོག་པའི་ཕན་ཐོགས་བྱུང་བ་དང་། སློབ་ཕྲུག་ཚོར་སློབ་སྦྱོང་གི་སེམས་ཤུགས་འཕར་མ་ཡོང་བཞིན་པ་སློབ་གྲྭའི་ཤེས་ཡོན་འགན་འཛིན་རྒན་ངག་དབང་རྡོ་རྗེ་ལགས་ཀྱི་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་(National Institute of open school (NIOS)་ཞེས་པ་དེ་ནི་རྒྱ་གར་ནང་གཞུང་སྒེར་སློབ་ཁག་གཞན་དང་མི་འདྲ་བར། རྒྱུན་ལྡན་འཛིན་གྲྭ་འགྲིམས་མ་དགོས་པར་ནང་ལ་སློབ་སྦྱོང་བྱས་ནས་ཡིག་རྒྱུགས་གཏོང་ཆོག་པ་དང་། དེ་ཡང་མཐོ་སློབ་འགྲིམས་པའི་བར་མུ་མཐུད་ཆོག་གི་ཡོད་པ་རེད་འདུག
བྱེས་ཀྱི་ཆོས་སྡེ་བཀྲིས་ལྷུན་པོའི་དགོན་པ་དེ་ནི་ཕྱི་ལོ་༡༩༧༢ལོར་ཕྱག་བཏབ་གནང་བ་དང་། གྲ་ཚང་གི་ཁྱབ་ཁོངས་སློབ་གྲྭ་དེ་རིམ་པས་དབུ་འཛུགས་ཀྱིས་སློབ་གྲྭའི་ཕྱི་ནང་གི་འཛུགས་བསྐྲུན་ཡག་པོ་བྱུང་ཡོད་པ་དང་། ད་ལྟའི་ཆར་བཀྲིས་ལྷུན་པོ་དགོན་པའི་སློབ་གྲྭའི་ནང་འཛིན་རིམ་དང་པོ་ནས་བརྒྱད་པ་བར་སློབ་མ་༡༦༥ཙམ་དང་། དགེ་ལས་ཁྱོན་བསྡོམས་༡༥ཡོད་པ་རེད། སློབ་ཚན་གཙོ་བོ་བོད་ཡིག་དང་། དབྱིན་ཇི། ཨང་རྩིས་དང་ཚན་རིག དེ་བཞིན་གློག་ཀླད་རྩིས་འཁོར་བཅས་ཡོད་འདུག
སྤྱིར་བཏང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་གྲྭ་ཚང་ཁག་གི་སློབ་གྲྭའི་ནང་ནས་སེར་བྱེས་གྲ་ཚང་གི་སློབ་གྲྭ་དེ་རྒྱ་གར་དབུས་གཞུང་གི་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་འཛིན་བྱས་བའི་སློབ་གྲྭ་སྔ་ཤོས་ཤིག་ཡིན་པ་དང་། གཞན་མོན་གྷོ་འབྲས་སྤུང་བློ་གསལ་གླིང་གྲ་ཚང་གི་སློབ་གྲྭ་དེ་འཛིན་གྲྭ་བཅུ་པའི་བར་ཡོད་པ་ལས་འཛིན་རིམ་༥བར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ངོས་འཛིན་གྱིས་མཐུན་འགྱུར་གནང་བཞིན་ཡོད་པ་རེད་འདུག
ཡང་མོན་གྷོ་དགའ་ལྡན་བྱང་རྩེ་གྲ་ཚང་གི་སློབ་གྲྭ་དེ་ཡང་བཀྲིས་ལྷུན་པོ་དགོན་པའི་སློབ་གྲ་དང་གཅིག་མཚུངས་ཀྱིས་ན་ནིང་ལོར་རྒྱ་གར་གཞུང་གི་ཤེས་ཡོན་ལྷན་ཚོགས་ཀྱི་ཁྱབ་ཁོངས་རང་སྐྱོང་སྡེ་ཚན་ཤེས་ཡོན་ཚན་པས་ངོས་འཛིན་ཐོབ་པའི་སློབ་གྲྭ་ཞིག་ཆགས་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།