བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པར་རྣོ་ངར་ཅན་གྱི་དྲི་བ་བཏོན་པ།
2018.05.09
ཁེ་ན་ཌའི་ནང་དེང་སྐབས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པ་ཞིག་བོད་ནང་གི་གནས་སྟངས་དྲིལ་བསྒྲགས་ཆེད་འབྱོར་ཡོད་ཅིང་། ཕྱི་ཟླ་ ༥ ཚེས་ ༩ ཉིན་ཁེ་ན་ཊའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཉན་ཞིབ་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་པདྨ་དབང་འདུད་ལགས་ཀྱིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་དང་། འགྲོ་སྡུག་སྤྱོད་གསུམ་གྱི་རང་དབང་ཡོད་ལུགས་སོགས་རྒྱ་ནག་གཞུང་གིས་འཆར་ཅན་དྲིལ་བསྒྲགས་ཀྱི་གཏམ་བཤད་བྱེད་བཞིན་པ་ཁག་རྒྱ་སྐད་ཐོག་འགྲེལ་བརྗོད་བྱས་ཡོད་པ་རེད། ཁེ་ན་ཌའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ (Garnett Genius) ཡིས། སྐུ་ཚབ་ཚོགས་པ་དེ་ཡིས་བོད་མི་རིགས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་ན་ཡང་དོ་སྣང་བྱེད་དགོས་པ་ཞིག་ལ་པདྨ་དབང་འདུད་ཀྱི་བོད་སྐད་ཀྱི་ཚབ་ཏུ་རྒྱ་སྐད་རྒྱབ་སོང་ཞེས་གསུངས་པ་དང་སྦྲགས། བོད་ནང་རང་དབང་གི་ཐོག་ནས་ལྟ་བསྐོར་དུ་འགྲོ་འཇུག་གི་མེད་པ་དང་། མཐའ་ན་ཁེ་ན་ཌའི་གཞུང་གིས་འགྲོ་སོང་དང་མཐུན་རྐྱེན་སྦྱར་བའི་འཆར་གཞི་ཁག་ལ་རྟོག་ཞིབ་བྱེད་པར་འགྲོ་རྒྱུར་ཡང་ཆོག་མཆན་ཐོབ་ཀྱི་མེད་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་དོན་སྤེལ་མཁན་བཀྲིས་དབང་ཕྱུག་ལགས་གར་ཡོད་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་མོས་མཐུན་ཞུས་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་རྣམས་སྐུ་འཚོ་ཞུགས་ཡོད་མེད། གལ་ཏེ་ཡོད་ཚེ་ཁེ་ན་ཌའམ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྐུ་ཚབ་ཚོགས་པས་ཁོང་རྣམས་དང་ཐུག་འཕྲད་བྱེད་འཇུག་མིན་སོགས་རྣོ་ངར་ལྡན་པའི་དྲི་བ་གནང་ཡོད་ལ། དེ་བཞིན་ཁེ་ན་ཌའི་གྲོས་ཚོགས་ནང་གི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་འཐུས་མི་སྐུ་ཞབས་(Arif Virani) མཆོག་གིས་ཀྱང་། བཀྲིས་དབང་ཕྱུག་ལགས་དང་པན་ཆེན་རིན་པོ་ཆེའི་སྐོར་དྲི་བ་གནང་ཞིང་། དབུ་མའི་ལམ་གྱི་སྲིད་ཇུས་འོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བར་མཚམས་ཆད་པ་དེ་བསྐྱར་དུ་འཐུས་ཐུབ་མིན་སོགས་བཀའ་འདྲི་གནང་ཡོད་པ་རེད། དེ་མཚུངས་གྲོས་ཚོགས་ཀྱི་འཐུས་མི་གཞན་ཞིག་གི་ཀྱང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེའི་སྐོར་དྲི་བ་གནང་པར་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་མི་སྣ་ཚོར། ཁྱེད་རྣམས་བོད་མིའི་སྐུ་ཚབ་ཡིན་སྟབས། ཁེ་ན་ཌའི་ནང་གཞིས་སྡོད་བྱེད་བཞིན་པའི་བོད་པའི་སྐུ་ཚབ་མི་སྣ་དང་ཐུག་འཕྲད་བྱས་ཡོད་མེད་དང་། གལ་ཏེ་མེད་ཚེ་ཐུག་འཕྲད་གནང་འཆར་ཡོད་མེད་སོགས་བཀའ་འདྲི་གནང་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཞེས་བའི་སྐུ་ཚབ་འཐུས་མིའི་འགོ་ཁྲིད་པདྨ་དབང་འདུད་ལགས་ཀྱིས། དགེ་འདུན་ཆོས་ཀྱི་ཉི་མ་ནི་རྒྱ་ནག་གི་མི་སེར་དཀྱུས་མ་ཞིག་ཡིན་པ་དང་། དེང་དུས་ཀྱི་ཤེས་ཡོན་ཐོབ་ཏེ་ད་ཆ་མཐོ་རིམ་སློབ་གྲྭ་ཐོན་ཚར་ལུགས་བརྗོད་ཡོད་པ་དང་། ཡང་མི་ཚེ་བདེ་སྐྱིད་ལྡན་པའི་ཐོག་ནས་སྐྱེལ་བཞིན་ཡོད་ལུགས་སོགས་འགྲེལ་བརྗོད་བྱས་པ་དང་དུས་མཚུངས། ཁོང་དང་ཁོང་གི་ནང་མི་ཚོས་ཕྱི་ཕྱོགས་ནས་ཐེ་བྱུས་མེད་པར་སྡོད་འདོད་བྱེད་བཞིན་པར་བརྟེན་ཁོང་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་ལུགས་ལན་འདེབས་བྱས་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་མཐོ་རིམ་སློབ་གྲྭ་ཐོན་ཚར་ལུགས་རྒྱ་ནག་གི་དཔོན་རིགས་ཤིག་གིས་བརྗོད་པ་ད་རེས་ཐེངས་མ་དང་པོ་དེ་ཡིན་པ་རེད།
ཡང་བཀྲིས་དབང་ཕྱུག་ལགས་ཀྱི་སྐོར་བརྗོད་སྐབས། རྒྱ་ནག་ནི་ཁྲིམས་ཀྱི་དབང་བསྒྱུར་བྱེད་པའི་རྒྱལ་ཁབ་ཞིག་ཡིན་སྟབས། ཉེས་བ་ཡོད་མེད་ཁྲིམས་ལུགས་ལྟར་ལག་བསྟར་བྱེད་རྒྱུ་ཡིན་ལུགས་བརྗོད་འདུག
བོད་ནང་རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་པ་གཏོང་མིན་གྱི་དྲི་བར། བོད་ནི་རྒྱ་ནག་གི་ས་ཁུལ་གཞན་དང་མི་འདྲ་བར་ས་ཁམས་མཐོ་བ་ལ་སོགས་པ་དམིགས་བསལ་གྱི་ས་ཁུལ་ཞིག་ཡིན་ལུགས་དང་། རྒྱ་ནག་ལ་དགའ་ཞེན་ཡོད་མཁན་སུ་ཡོང་ན་ཡང་འགྲིག་ལུགས། འོན་ཀྱང་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་དགའ་བསུ་མེད་ལུགས་སོགས་འགྲེལ་བརྗོད་བྱས་ཡོད་པ་རེད།
ཡང་བོད་རྒྱ་འབྲེལ་མོལ་སྐོར་བརྗོད་སྐབས། དབུ་མའི་ལམ་ཞེས་པ་ཞིག་མེད་ལུགས་དང་། དེ་ནི་ཏཱ་ལའི་རུ་ཚོགས་ཀྱི་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཐབས་ལམ་ཞིག་ཡིན་ལུགས་ལན་འདེབས་བྱས་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུད་ལགས་ཀྱིས། ཁེ་ན་ཌའི་ནང་ཡོད་པའི་དགའ་ཞེན་ཡོད་པའི་བོད་མི་ཁག་གཅིག་ཐུག་འཕྲད་བྱུང་བ་བརྗོད་པ་དང་། ཁེ་ན་ཌའམ་ཕྱི་ཕྱོགས་སུ་ཡོད་མཁན་བོད་མི་ཚོ་བོད་ནང་ལོག་རྒྱུར་དགའ་བསུ་ཡོད་ཅེས་ལན་འདེབས་བྱས་པ་ལས་ཁེ་ན་ཌའི་ནང་གནས་སྡོད་བོད་མིའི་སྐུ་ཚབ་མི་སྣ་དང་ཐུག་འཕྲད་བྱ་མིན་སོགས་ལན་འདེབས་གང་ཡང་བྱས་མེད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་འགོ་ཁྲིད་པདྨ་དབང་འདུས་ནི་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་རྒྱུན་ལས། ལྷ་ས་གྲོང་ཁྱེར་གྱི་དམར་ཕྱོགས་ཚོགས་པའི་དྲུང་ཆེ་བཅས་ཡིན་འདུག
སྐུ་ཚབ་མི་སྣ་གཞན་ཁག་ནི་ཕུར་བུ་དོན་གྲུབ། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ལྷོ་ཁ་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ། རྡོ་རྗེ་ཚེ་རིང་། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། བོད་རང་སྐྱོང་ལྗོངས་མི་རིགས་དང་། ཆོས་ལུགས་། ཕྱི་སྡོད་བོད་མིའི་དོན་གཅོད་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། ཨ་དབང་བསྟན་འཛིན། བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། ལྷོ་ཁ་གྲ་ནང་རྫོང་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཞོན། གྲ་ནང་རྫོང་སྨིན་གྲོལ་གླིང་དམངས་གཙོ་དོ་དམ་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བཅས་ཡིན་པ་རེད།
གསར་འགོད་པ་འགན་འཛིན་སྐལ་ལྡན་བློ་གྲོས་དང་། རྡོ་རྗེ་དགྲ་འདུལ།