དམར་ཤོག་གིས་རྒྱ་ནག་སྐྱོབ་ལུགས་ལ་ཐེ་ལྦན་གྱིས་སྐྱོན་བརྗོད།
2010.09.05
༄༅༎འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་རྒྱ་ནག་ལ་བཙན་རྒོལ་བྱེད་སྐབས་རྒྱ་ནག་གི་དམར་ཤོག་ཚོགས་པས་རྒྱལ་ཁབ་སྲུང་སྐྱོབ་བྱས་ཡོད་ལུགས་བརྗོད་བཞིན་པ་དེར་ ཐེ་ལྦན་གྱིས་ངོས་ལེན་མེད་པའི་ཁར་སྐྱོན་བརྗོད་བྱས་འདུག
རེས་གཟའ་པ་སངས་ཉིན་རྒྱ་ནག་མི་མང་ཉིན་རིའི་གསར་ཤོག་གིས་ཆེད་རྩོམ་ཞིག་སྤེལ་བའི་ནང་དེ་སྔ་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གིས་རྒྱ་ནག་ལ་བཙན་རྒོལ་བྱེད་སྐབས་དམར་ཤོག་ཚོགས་པས་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཞབས་འདེགས་ཆེན་པོ་ཞུས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་འདུག། དེ་མ་ཐག་ཐེ་ལྦན་གྱིས་ཉི་ཧོང་གིས་རྒྱ་དམག་ཆེན་གཉིས་པའི་སྐབས་རྒྱ་ནག་ལོ་བརྒྱད་རིང་བཙན་རྒོལ་བྱེད་སྐབས་གོ་མིན་ཏང་རྒྱ་ནག་གི་གཞུང་འཛིན་བྱེད་བཞིན་པ་ལྟར་མཐར་རྒྱལ་ཁ་ལེན་མཁན་ཡང་གོ་མིན་ཏང་ཡིན་པ་རྒྱལ་རབས་ལོ་རྒྱུས་ནང་གསལ་པོ་འཁོད་ཡོད་ལུགས་སྲིད་འཛིན་མ་ཡིན་ཇི་ཡི་གསུངས་གནང་འདུག ཐེ་ལྦན་གྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དེ་སྔའི་དམག་ཆེན་སྐབས་གོང་མིན་ཏང་གི་དམག་མི་ས་ཡ་གསུམ་དང་འབུམ་གཉིས་ཙམ་རྐྱེན་འདས་སུ་ཕྱིན་པའམ་རྨས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། འཛམ་གླིང་དམག་ཆེན་གཉིས་ལ་ཕྱི་ལོ་༡༩༤༥ལོར་མཇུག་སྒྲིལ་བ་རེད། དེ་རྗེས་ཕྱི་ལོ་༡༩༤༩ལོར་མའོ་ཚེ་ཏུང་གི་དམར་ཤོག་ཚོགས་པས་གོ་མིན་ཏང་ལ་ཕམ་ཉེས་བཏང་རྗེས་ཅན་ཀེ་ཤེཁ་དེ་ལོ་ཐེ་ལྦན་གྱི་མཚོ་གླིང་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་རེད། བར་ལམ་ནས་རྒྱ་ནག་དང་ཐེ་ལྦན་དབར་ཚོང་འབྲེལ་གཙོ་བོར་བྱས་པའི་འབྲེལ་ལམ་བཟུང་དུ་འགྲོ་མུས་ཀྱང་གཞི་རྩའི་ཆབ་སྲིད་ཀྱི་དཀའ་རྙོག་ཡོད་མུས་ཡིན་པ་གོང་ཞུས་གནས་ཚུལ་ནས་མངོན་ཐུབ་པ་གསལ་པོ་རེད༎