ཨ་མི་རི་ཀའི་དམག་དོན་གྲུ་གཟིངས་ཐེ་ཝན་མཚོ་ཁུལ་དུ་བསྐྱོད་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

དེ་ཡང་སྤྱི་ཟླ་༤བའི་ཚེས་༨་ཉིན་རྒྱ་ནག་གི་ཤར་ཕྱོགས་ཁུལ་གྱི་མཚོ་དམག་སྡེ་ཁག་གི་སྤྱི་ཁྱབ་དམག་དཔོན་ལི་ཤེ་(Li Xi)་ཡིས་སྤྱི་བསྒྲགས་ཞིག་སྤེལ་བ་དེའི་ནང་། ཚེས་༨གཟའ་ལྷག་པའི་ཉིན་ཨ་རིའི་མཚོ་དམག་གྲུ་གཟིངས་(Hasley)་ཐེ་ཝན་མཚོ་ཁུལ་དུ་འགྲུལ་སྐྱོད་བྱས་པ་ནི་ཆེད་མངགས་མང་ཚོགས་ཀྱི་འཚོ་བར་དོ་ཕོག་གཏོང་གཞི་ཞིག་རེད་ཅེས་སྐྱོན་བརྗོད་བྱས་པ་དང་ཆབས་ཅིག གནད་དོན་དེའི་ཐད་མཚོ་དང་གནམ་ཐོག་གཉིས་ཀ་ནས་ལྟ་ཞིབ་བྱེད་བཞིན་ཡོད་ཅེས་བཀོད་ཡོད་འདུག འོན་ཀྱང་ཨ་རིའི་འབྲེལ་ཡོད་ཚན་པས། གོང་དུ་ཞུས་པའི་(Hasley)་གྲུ་གཟིངས་འགྲུལ་བཞུད་དེ་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་གི་ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་བཏང་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་དང་མཐུན་པ་ཡིན་ན་ཚང་མར་མཚོ་ཁུལ་དུ་རྟོག་ཞིབ་བྱེད་རྒྱུའི་རང་དབང་ཡོད་པར་ང་ཚོས་བརྩི་བཀུར་ཞུས་པའི་རྣམ་པ་ཞིག་རེད་ལ་དེའི་ཐད་སུས་ཀྱང་འཇིགས་སྣང་བྱེད་དགོས་དོན་ཡོད་མ་རེད། ཨ་རིའི་ས་མཚོ་གནམ་གསུམ་གྱི་དམག་དོན་གནམ་གྲུ་དང་གྲུ་གཟིངས་སོགས་རྒྱལ་སྤྱིའི་ས་གནས་གང་དུའང་གཏོང་རྒྱུའི་རང་དབང་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་འདུག
སྤྱིར་བཏང་གོང་དུ་ཞུས་པའི་ཨ་རིའི་མཚོ་དམག་གྱི་གྲུ་གཟིངས་ཧེས་ལི་ཞེས་པ་དེ་ནི་མེ་ཤུགས་འཕུར་མདེལ་སོགས་གཏོར་རྒོལ་གཏོང་ཐུབ་མཁན་གྱི་ནུས་པ་ཡོད་པ་ཞིག་ཡིན་འདུག
ད་རེས་རྒྱ་ནག་གིས་ཨ་རིའི་གྲུ་གཟིངས་ཐེ་ཝན་མཚོ་འགག་སུ་འགྲུལ་སྐྱོད་བྱེད་པར་དམིགས་བསལ་སྐྱོན་བརྗོད་བྱེད་དགོས་དོན་གཅིག་ནི་ཐེ་ཝན་གྱིས་གསར་དུ་བདམས་ཐོན་བྱུང་བའི་སྲིད་འཛིན་གྱི་དམ་འབུལ་དངོས་སུ་གནང་རྒྱུའི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་ཡིན་པའི་རྐྱེན་གྱིས་ཡིན་ཚུལ་གནས་ཚུལ་ནང་བཀོད་འདུག
ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན། རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐོག་ནས་ཐེ་ཝན་གྱི་མཚོ་ཁུལ་དུ་གྲུ་གཟིངས་འགྲུལ་སྐྱོད་བྱེད་རྒྱུ་དེ་ནི་ཚོང་འབྲེལ་གྱི་གནད་འགག་ཆེན་པོ་ཞིག་ཡིན་ནའང་། དེའི་སྟེང་ཨ་རི་དང་དབྱིན་ཡུལ་སོགས་ཀྱིས་འགྲུལ་སྐྱོད་བྱས་ན་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་རང་ཉིད་ཀྱིས་འདི་ཚེས་༩གཟའ་ཕུར་བུའི་ཉིན་ཐེ་ཝན་མཚོ་ཁའི་སྟེང་མཁའ་དམག་གནམ་གྲུ་དང་གྲུ་གཟིངས་༢༣ཙམ་བཏང་ཡོད་ལུགས་ཐེ་ཝན་བདེ་སྲུང་ལས་ཁུངས་ཀྱི་གསུངས་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།