རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་པེ་ལོ་སི་མཆོག་ལ་ཉེས་ཆད་འགེལ་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་འདི་ཚེས་༥ཉིན་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ངོ་རྒོལ་དང་བློ་ཚབས་ཀྱི་རྣམ་འགྱུར་བསྟན་པར་བརྩི་འཇོག་མ་བྱས་བར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེན་སི་པེ་ལོ་སིས་ཨུ་ཚུགས་བྱས་ཏེ་ཐེ་ཝན་ས་ཁུལ་དུ་བསྐྱོད་པ་དེ་ནི། རྒྱ་ནག་གི་ནང་སྲིད་གནད་དོན་ལ་ཐེ་ཇུས་བྱས་པ་ཡིན་པའི་སྐྱོན་བརྗོད་དང་མཉམ། རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནེན་སི་པེ་ལོ་སི་དང་། ཁོང་མོའི་ཐད་འབྲེལ་ནང་མི་ཚོར་རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུར་བཀག་བསྡོམས་ཀྱི་ཉེས་ཆད་འགེལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བསྒྲགས་འདུག ཡིན་ན་ཡང་ཉེས་ཆད་གང་དང་གང་འགེལ་རྒྱུའི་ཐད་ཁ་གསལ་བྱས་མི་འདུག
ད་དུང་རྒྱ་ནག་གཞུང་གིས་ནེན་སི་པེ་ལོ་སི་མཆོག་གི་ཐེ་ཝན་འཚམས་གཟིགས་ཐད་འཁོན་ལན་གང་ཐུབ་སློག་བཞིན་པའི་ཁྲོད། ཨ་རི་དང་མཉམ་དུ་གོ་ལའི་གནམ་གཤིས་དང་འབྲེལ་བའི་གྲོས་མོལ་གནང་རྒྱུ་ནས་ཕྱིར་བཤོལ་བྱས་བ་མ་ཟད། མ་འོངས་བར་ཨ་རིའི་རྒྱལ་སྲུང་འགོ་ཁྲིད་ཚོའི་བར་ཚོགས་འདུ་དང་། ཁ་པར་དྲ་ལམ་སོགས་ནས་འབྲེལ་གཏུག་བྱེད་རྒྱུ་མིན་པ། ལོ་འཁོར་མཚོ་དམག་གི་ཚོགས་འདུ་འཚོགས་རྒྱུ་ཕྱིར་འཐེན་བྱས་པ་སོགས་ཨ་རི་དང་མཉམ་དུ་འབྲེལ་ལམ་ཁག་སྡུག་ཏུ་གཏོང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་ད་རེས་འཚམས་གཟིགས་གནང་པ་དེ་ནི། འཛམ་གླིང་གི་ཆབ་སྲིད་ཀྱི་གནད་དོན་ཐོག་ནས་དོ་སྣང་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་ཐེ་ཝན་ནང་འཚམས་གཟིགས་ཕེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་དེ་ཆགས་ཡོད་པ་རེད། ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་དབུས་པའི་ཆེས་མཐོའི་སྐུ་ཚབ་ཚོགས་པས་ཐེ་ཝན་དུ་གཟིགས་སྐོར་འགྲུབ་ནས་ཐེ་ཝན་ནས་ཕེབས་ཐོན་རྗེས། འདི་ཚེས་༤ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་ཉེ་འགྲམ་དུ་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱེད་བཞིན་པ་རེད།
ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ད་རེས་ཨེ་ཤེ་ཡའི་རྒྱལ་ཁབ་སིང་གྷ་པུར་དང་། མ་ལེ་ཤེ་ཡ། ཐེ་ཝན། ལྷོ་ཀོ་རི་ཡ་བཅས་སུ་འཚམས་གཟིགས་འགྲུབ་ནས། རེས་གཟའ་པ་སངས་ཉིན་ཉི་ཧོང་དུ་འཚམས་གཟིགས་གནང་སྐབས། ཐེ་ཝན་ལ་བསྔགས་བརྗོད་དང་། ཨ་མི་རི་ཀས་གདུང་སེམས་མཉམ་སྐྱེད་གནང་རྒྱུའི་ཁས་ལེན་གནང་པ་གསུང་པ་དང་སྦྲགས། ད་རེས་ཨེ་ཤེ་ཡའི་ནང་འཚམས་གཟིགས་གནང་པ་འདི་ནི་རྒྱལ་ཁབ་འདི་དག་གི་གནས་བབ་ལ་བཅོས་བསྒྱུར་གཏོང་བའི་ཆེད་དུ་མིན་པ་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།