བལ་ཡུལ་དང་ས་འབྲེལ་བོད་ཀྱི་མཐའ་མཚམས་གཏིང་སྐྱེས་ཕྱོགས་སུ་དྲག་ཆར་རླུང་འཚུབ་བརྒྱབ་ནས་འགྲུལ་བཞུད་པ་མང་པོ་འགག་འདུག
གནས་ཚུལ་ཁ་སྣོན། ༠༧།༡༡།༢༠༢༤

* གནས་ཚུལ་ཁ་སྣོན།
བལ་ཡུལ་དང་ས་འབྲེལ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གཏིང་སྐྱེས་རྗོང་འདྲེན་ཐང་གྲོང་བརྡལ་དུ་ཉེ་ཆར་སྤྱི་ཟླ་༧ཚེས་༦ཙམ་ནས་བཟུང་བསྟུད་མར་དྲག་ཆར་ཤུགས་ཆེ་བབས་པའི་རྐྱེན་གྱིས་གང་སར་ཆུ་ལོག་རྒྱུག་ནས་གཞུང་ལམ་ཆུས་སྣུབ་ནས་གཏོར་སྐྱོན་ཐེབས་པའི་འོག་ས་གནས་ཀྱི་གློག་དང་ཁ་པར་གྱི་བརྡ་རྟགས་ཆད་པ་སོགས་ཀྱི་གནོད་འཚེའི་འོག་ཉུང་མཐར་ཡང་ཡུལ་སྐོར་སྤྲོ་འཆམ་པ་ཐེ་བའི་མི་གྲངས་༤༧༢ལ་དཀའ་ངལ་འཕྲད་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བར་ལྟར་ན། ཐེངས་འདིའི་དྲག་ཆར་དང་ཆུ་ལོག་གི་གནོན་འཚེའི་ཁྲོད་དཀའ་ངལ་འཕྲད་པའི་མི་གྲངས་༤༧༢དེ་དག་གི་ཁྲོད་ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པ། ལམ་བཟོ་བ། དགེ་རྒན་དང་སློབ་ཕྲུག ས་གནས་ཡུལ་མི་བཅས་ཡོད་པ་དང་། དེ་དག་ལས་མི་གྲངས་༣༤༢ལྷག་རྐང་ཐང་དུ་རི་ཀླུང་མང་པོ་བརྒལ་ནས་གཏིང་སྐྱེས་རྫོང་དང་ཉེ་འཁྲིས་ཀྱི་ཤང་གྲོང་གཞན་ཁག་ཏུ་ཉེན་ཡོལ་དུ་འབྱོར་ཟིན་ཡོད་ཀྱང་། ཡུལ་སྐོར་སྤྲོ་འཆམ་པ་དང་ཚོང་པ་སོགས་མི་གྲངས་༡༣༠ལམ་འགག་པ་དང་། དེ་བཞིན་གནམ་གཤིས་ཡག་པོ་མེད་པ་དང་། ལུས་ཤུགས་མ་འདངས་བ་སོགས་ཀྱིས་རྐྱེན་པས་ད་དུང་ཡང་རི་ཁུག་ཁག་ཏུ་ལྷག་ནས་ཡོད་པ་རེད། ཡིན་ན་ཡང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་ཡུལ་སྐོར་སྤྲོ་འཆམ་པ་ཞེས་བྲིས་པ་ལས་དེ་དག་ས་གནས་དང་རྒྱལ་ཁབ་གང་ནས་ཡིན་པ་སོགས་ཁ་གསལ་བསྒྲགས་མི་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་རྒྱུས་ལོན་བྱས་པའི་སྐབས་སུ་གཞིས་ཀ་རྩེར་ཡོད་པའི་མི་ཁག་ཅིག་གིས་ཆུ་ལོག་གིས་རྐྱེན་པས་གཞིས་ཀ་རྩེའི་མཐའ་མཚམས་ས་ཁུལ་མང་པོ་ཞིག་ཏུ་མུ་མཐུད་ནས་གློག་དང་ཁ་པར་གྱི་བརྡ་རྟགས་ཆད་ནས་ཡོད་པས་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་པ་གསུང་བྱུང་། ཡང་གཞིས་ཀ་རྩེ་ས་གནས་སུ་ཡོད་པའི་བུད་མེད་ཞིག་གིས། ད་སྐབས་གཞིས་ཀ་རྩེ་ཕྱོགས་སུ་ཆར་དུས་སླེབས་ཡོད་པས། དྲག་ཆར་དང་ཆུ་ལོག་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་པ་བརྗོད་བྱུང་།
གོང་ཞུས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཐེབས་ཡུལ་འདྲེན་ཐང་གྲོང་བརྡལ་ནི་བལ་ཡུལ་དང་ས་འབྲེལ་བོད་ཀྱི་ས་མཚམས་སུ་ཆགས་ཡོད་ཅིང་། གཞིས་ཀ་རྩེའི་གཏིང་སྐྱེས་རྫོང་ནས་རྒྱང་ཐག་སྤྱི་ལེ་༡༥༠ལྷག་ཡིན་པ་དང་། རྒྱ་ནག་(baidu)་དྲ་རྒྱའི་སྤྱི་ལོ་༢༠༡༧ལོའི་གྲངས་ཐོ་ལྟར་ན་ཁུལ་དེར་མི་འབོར་༢༤༨༢ཡོད་འདུག
རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ནང་། ད་སྔ་ཆུ་ལོག་གི་གནོད་འཚེ་དེའི་འོག་མི་ཤི་རྨས་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་མི་འདུག
* ༠༧།༡༠།༢༠༢༤
རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་སྐབས་དབྱར་དུས་ཆར་ཞོད་ཆེ་བའི་རྐྱེན་གྱིས་ས་རུད་དང་ཆུ་ལོག་གི་གནོད་འཚེ་ཡོང་གི་ཡོད་པ་དང་། ཕྱི་ཟླ་བདུན་པའི་ཚེས་༡༠་རེས་གཟའ་ལྷག་པའི་ཉིན་བལ་ཡུལ་དང་ས་འབྲེལ་འཁེལ་ཡུལ་བོད་ཀྱི་གཞིས་ཀ་རྩེ་ཁོངས་གཏོགས་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ཉེ་འགྲམ་དུ་དྲག་ཆར་རླུང་འཚུབ་བརྒྱབ་ནས་ཡུལ་སྐོར་བ་གཙོས་མི་གྲངས་༡༣༠་ལྷག་འགྲོ་བསྐྱོད་མ་ཐུབ་པར་འགག་ཡོད་འདུག་ལ། ཕྱི་ཟླ་༧ཚེས་༧རེས་གཟའ་ཉི་མ་ནས་མུ་མཐུད་དུ་དྲག་ཆར་བབས་པའི་རྐྱེན་གྱིས་གཞིས་ཀ་རྩེ་ཁོངས་ཀྱི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་(Zhentang)་ཕྱོགས་སུ་འགྲོ་སའི་གཞུང་ལམ་ཆེ་ཁག་དུམ་བུ་མང་པོ་ཆུ་ལོག་གིས་འཁྱེར་བའམ་ཡང་ན་ས་རུད་བརྒྱབ་སྟེ་འགག་ཡོད་ལུགས་བཀོད་འདུག
ད་ལྟའི་བར་དུ་གྲོང་ཚོ་དེའི་ནང་གནས་སྡོད་བྱེད་མཁན་མི་གྲངས་༣༤༢་ས་གནས་གཞན་དུ་གནས་སྤོ་བྱེད་ཐུབ་པ་བྱུང་ཡོད་ཀྱང་། ཆར་ཞོད་ཆེ་བ་དང་། འགྲོ་ལམ་འགག་པ། ད་དུང་འགྲུལ་པ་རྣམས་ཐག་རིང་ལ་འགྲོ་དགོས་སྟབས། ལུས་སྟོབས་ཞན་པ་བཅས་ཀྱི་རྐྱེན་པས་ཡུལ་སྐོར་བ་ཚུད་པའི་ཉུང་མཐར་ཡང་མི་གྲངས་༡༣༠ཙམ་མཚོ་ངོས་ནས་མཐོ་ཚད་མི་ཊར་༢༠༠༠ ཙམ་གྱི་སར་ཆགས་པའི་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ཉེ་འགྲམ་དུ་ལུས་ཡོད་པ་མ་ཟད། དྲག་ཆར་རླུང་འཚུབ་ཀྱི་རྐྱེན་པས་རེས་གཟའ་ཕུར་བུ་བར་དུ་ཉེན་སྐྱོབ་ལས་དོན་ལ་འགོག་རྐྱེན་ཐེབས་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།
རྒྱ་ནག་རྒྱལ་ཡོངས་གནམ་གཤིས་སྔོན་བརྡ་གཏོང་མཁན་གྱིས་བོད་དང་། ཟི་ཁྲོན། ཡུན་ནན་བཅས་ཀྱི་ས་ཁུལ་ཁག་ཚུད་པའི་རྒྱ་ནག་ལྷོ་ནུབ་ཁུལ་དུ་དྲག་ཆར་འབབ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་བཀོད་ཡོད་པ་རེད་།
གསར་འགོད་པ། གཡུ་སྒྲོན། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།