༧གོང་ས་མཆོག་ལ་ཐོངས་མཆན་མ་འབུལ་བའི་དོན་ངོས་ལེན།
2011.12.07
༄༅༎ལྷོ་ཨཕ་རི་ཀའི་མཐོ་རིམ་དཔོན་རིགས་ཤིག་གིས་ལྷོ་ཨཕ་རི་ཀས་རྒྱ་ནག་མཉམ་ཚོང་དོན་གྱི་འབྲེལ་ལམ་དམ་འཛིན་བྱ་རྒྱུའི་དོན་དུ་ ཉེ་སྔོན་ཕྱི་ཟླ་༡༠པའི་ནང་་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁུལ་དེའི་ནང་ཆིབས་བསྒྱུར་གནང་ཆོག་པའི་ཐོངས་མཆན་ཕྱག་འཁྱེར་འབུལ་མེད་པ་ངོས་ལེན་གནང་འདུག།
ལྷོ་ཨཕ་རི་ཀའི་ནང་སྲིད་ལྷན་ཁང་གི་དྲུང་ཆེ་མིཀུ་སེ་ལི་ཨལ་ལེ་ནིས་ ཁྲིམས་ཁང་ལ་ཕུལ་བའི་གྱོད་གཏུགས་ཡིག་ཆའི་ནང་ལྷོ་ཨཕ་རི་ཀས་རྒྱ་ནག་མཉམ་ཚོང་དོན་གྱི་འབྲེལ་བར་གནོད་སྐྱོན་དོ་ཕོག་མི་ཐེབས་པའི་དོན་དུ་། ཁོང་གིས་ནང་སྲིད་བློན་ཆེན་ལ་བོད་ཀྱི་དབུ་ཁྲིད་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་ཐོངས་མཆན་སྙན་ཞུའི་ཐད་ཐག་གཅོད་ཞུ་ཕྱོགས་སྐོར་སློབ་སྟོན་གནང་བ་ཡིན་ཞེས་གསུང་པ་ཀྲའེམ་སེ་(Times)ཉིན་རེའི་གསར་ཤོག་གིས་ལུང་འདྲེན་བྱས་འདུག།
ཕྱི་ཟླ་༡༠པའི་ནང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཨཕ་རི་ཀའི་གཞུང་གིས་ཡུལ་དེའི་ནང་ཕེབས་ཆོག་པའི་ཐོངས་མཆན་ཕྱག་འཁྱེར་མ་འབུལ་བའི་གནད་དོན་ཐད་ལྷོ་ཨཕ་རི་ཀའི་ཕྱོགས་འགལ་ཚོགས་པ་གཉིས་ནས་ཁྲིམས་ཁང་ལ་གྱོད་གཏུགས་གནང་ཡོད་པ་དེར་ལན་འདེབས་གནང་སྐབས་ནང་སྲིད་དྲུང་ཆེ་ཨབ་པེ་ལི་ཡིས་ ༧གོང་ས་༧ཏཱ་ལའི་བླ་མ་མཆོག་གི་ཐོངས་མཆན་སྙན་ཞུའི་ཐད་ནང་སྲིད་བློན་ཆེན་ལ་སློབ་སྟོན་ཕུལ་སྐབས། རྒྱ་ནག་མཉམ་ང་ཚོའི་ཡུལ་གྱི་ཚོང་དོན་འབྲེལ་བའི་སྐོར་བསམ་བློ་གཏོང་དགོས་བྱུང་ཞེས་འགྲེལ་བརྗོད་གནང་འདུག།དེ་བཞིན་ནང་སྲིད་དྲུང་ཆེ་ཨབ་ལེ་ནིས་ ནང་སྲིད་ལྷན་ཁང་གིས་རྒྱ་ནག་གི་བཀའ་བཀོད་འོག་ཕྱིན་མེད་པ་ནན་བརྗོད་དང་སྦྲགས། སྐབས་དེ་དུས་ཡུལ་དེའི་སྲིད་འཛིན་གཞོན་པ་རྒྱ་ནག་ལ་གཞུང་དོན་ཕྱོགས་བསྐྱོད་གནང་བཞིན་པའི་གནད་དོན་ཐད་ཟབ་ནན་བྱ་རྒྱུ་གལ་ཆེར་རྩིས་ཡོད་ལུགས་གསུངས་བཞག།