བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ།
2017.12.10

༄༅༎དེ་རིང་སྤྱི་ཟླ་༡༢་ཚེས་༡༠་ཉིན་མོ་འདིར་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཉིན་མོ་ཞིག་འཁེལ་གྱི་ཡོད་པ་དང་ཕྱོགས་མཚུངས་ཨ་མི་རི་ཁའི་གྲོང་ཁྱེར་ནིའི་ཡོག་ཏུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ལགས་དང་དེ་བཞིན་བྱང་ཨ་རིའི་བོད་མིའི་དོན་གཅོད་སྐུ་ཚབ་དོན་གཅོད་སོགས་ཀྱིས་གཙོས་པས་ཨ་མི་རི་ཀ་དང་ཁེ་ན་ཌ་སོགས་ནས་བོད་མི་སྟོང་ཕྲག་བརྒལ་བས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་ཀྱི་གནད་དོན་ལ་བདེན་པའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་གི་ཡོད་པ་རེད།
དེའང་དེ་རིང་བོད་མི་ཡོངས་ཀྱིས་གདུང་ཤུགས་ཆིག་བསྒྲིལ་གྱི་སྒོ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བ་དང་ཆབས་ཅིག་ཏུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དེའང་རྒྱ་ནག་གཞུང་གི་སྲིད་དབང་འོག་རང་དབང་མེད་པའི་གནས་སྟངས་དེ་ཚོ་གསལ་བཏོན་གནང་སྟེ།
བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་མིའི་རང་དབང་ལ་རྒྱ་ནག་གཞུང་གིས་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་དང་།དེ་བཞིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཀྱང་བོད་མིའི་དཀའ་ངལ་ལ་གཟིགས་རྟོགས་དང་བདེན་རྒྱབ་ཀྱི་རོགས་རམ་གནང་རོགས་གནང་ཞེས་འབོད་སྐུལ་ཡང་ཞུས་གནང་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་འཛིན་ནོར་བུ།