སྲིད་སྐྱོང་མཆོག་གིས་གཞོན་ནུའི་ཟས་བཅད་ལས་འགུལ་བར་མཇལ་འཕྲད།


2015.10.09
སྲིད་སྐྱོང་མཆོག་གིས་གཞོན་ནུའི་ཟས་བཅད་ལས་འགུལ་བར་མཇལ་འཕྲད། སྲིད་སྐྱོང་མཆོག་གིས་གཞོན་ནུའི་ཟས་བཅད་ལས་འགུལ་བར་མཇལ་འཕྲད། ༢༠༡༥།༡༠།༨
བསོད་ནམས་སྟོབས་རྒྱལ། RFA

སྲིད་སྐྱོང་མཆོག་གིས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཟས་བཅད་ལས་འགུལ་བ་དང་ལྷན་མཇལ་འཕྲད་དང་གདུང་སེམས་མཉམ་སྐྱེད་ཞུས་གནང་བ།
དེ་ཡང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་བསྒྲིགས་འོག་དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲི་གཅོད་ལགས་དང་། དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས། ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གསུམ་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ། ཉེ་སྔོན་༢༠༡༥ཟླ་༩ཚེས་༡༠ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་ཅན་ཞུ་འབུལ་ཐོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་བཞིན་ཡོད་པ་ལྟར། ཁ་ས་ཚེས་༨ཉིན་གྲངས་༢༨འཁོར་བའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གི་མཆོག་ཇན་ཏར་མན་ཏར་ས་གནས་སུ་ཆེད་ཕེབས་ཀྱིས་ཟས་བཅད་ངོ་རྒོལ་བ་རྣམས་དང་མཇལ་འཕྲད་གནང་སྟེ་བོད་སྤྱི་བའི་རྩ་དོན་ཆེད་ཁོང་རྣམས་ཀྱི་ལས་འགུལ་གྱི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་། གདུང་སེམས་མཉམ་སྐྱེད་ཞུས་གནང་འདུག
དེ་བཞིན་ཡང་ཉིན་དེའི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ནས་ཀྱང་། དེ་མཚུངས་ཟས་བཅད་ངོ་རྒོལ་བ་རྣམས་དང་མཇལ་འཕྲད་ཀྱིས་གདུང་སེམས་མཉམ་སྐྱེད་ཞུས་གནང་འདུག  
ཕྱི་ཟླ་༩ཚེས་༣༠ཟས་བཅད་ལས་འགུལ་ནང་མཉམ་བཞུགས་གནང་པའི་དབུས་རྒྱུན་ཚེ་དབང་སྒྲོལ་མ་ལགས་རྒྱ་གར་ཉེན་རྟོག་པས་སྨན་ཁང་དུ་དབོར་འདྲེན་བྱས་ཀྱང་དབུས་རྒྱུན་རྟ་མགྲིན་སྲི་གཅོད་ལགས་དང་། བསྟན་འཛིན་དབང་ཕྱུག་ལགས་གཉིས་ནས་མུ་མཐུད་ཟས་བཅད་ངོ་རྒོལ་གནང་སྟེ་དེ་རིང་ཉིན་གྲངས་༣༠འཁོར་གྱི་ཡོད་པ་རེད། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ད་རེས་ཀྱི་ལས་འགུལ་འདིའི་བརྒྱུད་རྒྱལ་ཚོགས་ལ་ཕུལ་བའི་དོན་ཚན་ལྔའི་ནང་། རྒྱལ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས་པ་དང་། བོད་ནང་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་རྒྱ་ནག་གཞུང་ནས་ཡ་ལན་འབྱུང་ཐབས་སུ་རྒྱལ་ཚོགས་ནས་འགན་འཁུར་གྱི་ནན་སྐུལ་མཐའ་འཁྱོལ་བྱ་དགོས་པ་དང་། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་སླད་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ། བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད། རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ། བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་འབྱུང་ཐབས་སུ་རྒྱ་ནག་ལ་སྐུལ་འདེད་བྱེད་དགོས་པ་བཅས་གསལ་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎