རྒྱལ་སྤྱིའི་འགོ་ཁྲིད་ཚོར་རྒྱ་ནག་གི་འཁྱོག་བཤད་ལྟར་བོད་ཀྱི་ཁྲིམས་མཐུན་གནས་བབ་གླེང་རྒྱུའི་ཐོབ་ཐང་མེད། སྲིད་སྐྱོང་མཆོག་གིས།
ཉེ་ལམ་སྤྱི་ཟླ་༡༢བའི་ཚེས་༡༧ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibet Sangh)་དང་རྒྱ་གར་བྱང་ཕྱོགས་སུ་རྟེན་གཞི་བྱས་པའི་ཇཱ་མུ་གཙུག་ལག་སློབ་ཆེན་གཉིས་ཐུན་མོང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་གཙུག་ལག་སློབ་ཆེན་དེ་ཉིད་དུ་གདན་ཞུས་ཀྱིས། དགེ་ལས་སློབ་ཕྲུག་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོགས་ལ་བོད་དོན་གསུང་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་མི་མང་ལ་ང་ཚོ་བོད་མིའི་ངོས་ནས་ཞུ་འབོད་བྱེད་བཞིན་པ་ནི། ༡༩༥༡ ལོར་རྒྱ་ནག་གཞུང་གིས་བཙན་གྱིས་བོད་མིའི་སྐུ་ཚབ་ལྷན་དུ་ཆིངས་ཡིག་དོན་ཚན་༡༧ཟེར་བ་བཞག་བཅུག་པ་དེ་ཡང་རྒྱ་ནག་རང་ཉིད་ཀྱི་རྩིས་མེད་དུ་བཏང་སྟེ། བོད་ལ་དམག་བརྒྱབས་ཡོད་པ་རེད། དེར་བརྟེན། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཆིངས་ཡིག་དེ་རྩ་བ་ནས་ངོས་ལེན་མེད་པ་ལག་བསྟར་དགོས་གལ་ཆེ་ཞེས་དང་། ཡང་འཛམ་གླིང་ཡུལ་གྲུ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་གི་ལྟ་སྤྱོད་གཞིར་བཟུང་། བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་བཞིན་དུ། ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་དང་༧གོང་ས་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་ཡོང་རྒྱུར་རྒྱབ་སྐྱོར་ཡོད་པ་གསུང་གི་ཡོད་པ་དེ་ང་ཚོའི་ངོས་ནས་སྔ་ཕྱི་འགལ་ཟླ་ལྟ་བུ་ཡིན་པ་བརྗོད་ཀྱི་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་ཚོས་བོད་དོན་གླེང་པའི་སྐབས་སྔ་ཕྱི་འགལ་ཟླ་རང་བཞིན་གྱི་འདི་ལྟ་བུའི་བཀའ་མོལ་གནང་སྟེ། བོད་རྒྱ་ནག་གི་ཆ་ཤས་ཡིན་པ་བརྗོད་ན། རྒྱ་ནག་གཞུང་གིས་ང་ཚོའི་ལྷན་དུ་འབྲེལ་མོལ་བྱེད་པར་རྒྱུ་མཚན་གང་ཡང་མེད། དེར་བརྟེན། ད་རེས་གོ་སྐབས་འདི་བརྒྱུད་ནས། ངས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དྲན་སྐུལ་ཞུ་རྒྱུར། ཁྱེད་ཚོས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་ནས་བོད་ཀྱི་ཁྲིམས་མཐུན་གནས་བབ་གླེང་རྒྱུའི་ཐོབ་ཐང་མེད་ཅེས་གསུངས་གནང་སོང་།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibet Sangh)་གི་རྒྱལ་ཡོངས་ཚོགས་གཙོ་སྐུ་ཞབས་(Saurabh Saraswat)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཇཱ་མུ་གཙུག་ལག་སློབ་ཆེན་དུ་གདན་ཞུས་ཀྱིས་བོད་ཀྱི་ལོ་རྒྱུས་གནས་བབ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐད་གཏམ་བཤད་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེ་ཞིང་། ལྷག་ཏུ་ཇཱ་མུ་ཁུལ་གྱི་མི་མང་ཚོགས་ལ་ཡང་བོད་དོན་དང་འབྲེལ་བའི་བརྡ་ལན་ཁ་གསལ་ཞིག་རག་པའི་རེ་བ་བྱེད་ཀྱི་ཡོད་ལ། རྒྱ་གར་གྱི་སློབ་ཕྲུག་ཚོས་བོད་ནི་དེ་སྔ་རང་བཙན་རྒྱལ་ཁབ་ཡིན་པ་མཁྱེན་རྟོགས་དགོས་གལ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibet Sangh)་ཡིས་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་རྫོང་༣༤༠ལྷག་ནང་རྣམ་པ་འདྲ་མིན་གྱི་ཐོག་ནས་བོད་རང་བཙན་ཡིན་པའི་ལས་འགུལ་སྤེལ་གྱི་ཡོད་འདུག
ཡང་སྲིད་སྐྱོང་མཆོག་གིས་མུ་མཐུད་གཏམ་བཤད་གནང་བའི་ནང་། ད་བར་བོད་ནང་བོད་མི་༡༥༨ཀྱིས་རང་དབང་། འདྲ་མཉམ། ཐོབ་ཐང་སོགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་ཡོད་པ་དེ་ནི། རྒྱ་ནག་གཞུང་གི་བཙན་གནོན་འོག་བོད་མི་ཚོ་འུ་ཐུག་ཐབས་ཟད་གྱུར་བས་ཡིན་པ་དང་། ཁོང་ཚོས་ཚེ་སྲོག་བློས་བཏང་ནས་རྒྱལ་སྤྱིའི་མི་མང་གིས་བོད་ནང་གི་བོད་མིའི་དཀའ་སྡུག་ལ་དོ་སྣང་དང་རྒྱབ་སྐྱོར་ཡོང་བའི་རེ་བ་ཡང་བྱས་ཡོད། འོན་ཀྱང་། བོད་ནང་དུ་ད་དུང་ཡང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་མེད་པ་གསལ་པོ་རེད། ད་སྐབས་རྒྱ་ནག་གཞུང་གིས། བོད་ནང་(DNA)་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱས་པ་དང་། མིག་སྐྱི་རིགས་རྫས་བསྡུ་ལེན་བྱས་པ་སོགས་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཇེ་ཆེར་གཏོང་མུས་ཡིན་པ་དེ་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་འདུག
ཡང་སྲིད་སྐྱོང་མཆོག་གིས། དེང་སྐབས་རྒྱ་ནག་གཞུང་གིས་འཁྱོག་བཤད་དང་ཆབ་སྲིད་དྲིལ་བསྒྲགས་སོགས་ཤུགས་ཆེ་བའི་རྐྱེན་གྱིས། འཛམ་གླིང་གི་མི་མང་དུ་མ་ཞིག་གིས་ལོ་རྒྱུས་ཐོག་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཚོད་དཔག་བྱེད་ཀྱི་འདུག འོན་ཀྱང་། དོན་དངོས་ཐོག་༡༩༤༩ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཐོག་མར་གསར་འཛུགས་བྱས་ཡོད་པ་རེད། ད་དུང་རྒྱ་ནག་གིས་གནའ་རབས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ཡང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བླངས་པའི་རྗེས། བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་པ་རྒྱ་ནག་གིས་འགྲེལ་ལོག་བྱེད་སྟངས་དེ་ཁོངས་འཁྱོལ་ཐབས་མེད་པ་ཞིག་རེད། རྒྱུ་མཚན་ནི། སྐབས་དེ་དུས་སྲོང་བཙན་སྒམ་པོས་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་བཙུན་མོར་བླངས་ཡོད་པས། རྒྱ་ནག་གི་འགྲེལ་ལོག་ལ་གཞིགས་པ་ཡིན་ན། བོད་བལ་ཡུལ་གྱི་ཆ་ཤས་སུ་ངོས་འཛིན་བྱེད་ཆོག་པ་ཞིག་རེད། གང་ལྟར་འགྲེལ་ལོག་དེས་ཁོངས་མ་འཁྱོལ་སྟབས། དུས་རབས་༡༣ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་པ་བཤད་ཀྱི་ཡོད། འོན་ཀྱང་། སྐབས་དེ་དུས་བོད་ཀྱིས་སོག་པོའི་ལྷན་དུ་འབྲེལ་བ་བྱས་ཡོད་པ་ལས། རྒྱ་ནག་ལྷན་དུ་འབྲེལ་བ་མེད་ཅེས་གསུངས་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས། འཕགས་བོད་གཉིས་ལོ་རྒྱུས་ཀྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་དང་། ལྷག་ཏུ་དུས་རབས་བདུན་པ་ནས་དགུ་པའི་བར་བོད་ཀྱི་བཙན་པོའི་མངའ་ཐང་རྒྱལ་བའི་དུས་ཤིག་ཡིན། ཇཱ་མོ་ཀ་ཤི་མིར་ནས་ཨ་རུ་ན་ཅཱལ་དབར་བོད་དང་རྒྱ་གར་དབར་མཐའ་མཚམས་མཉམ་སྤྱོད་བྱས་ཏེ་གནས་ཡོད། རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་བར་དུ་ལོ་རྒྱུས་ནང་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་མྱོང་མེད་ཅེས་སོགས་གསུངས་འདུག
སྤྱི་ཟླ་༡༢བའི་ཚེས་༡༧ནས་༡༨བར་ཉིན་གྲངས་གཉིས་རིང་། ཇཱ་མོ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་ལས་དོན་ཚོགས་ཆུང་གི་ཚོགས་འདུ་དང་བོད་དོན་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།