སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ཕྱོགས་སུ་འཚམས་གཟིགས་དང་མང་ཚོགས་ལ་གཏམ་བཤད།

2022.06.03
སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ཕྱོགས་སུ་འཚམས་གཟིགས་དང་མང་ཚོགས་ལ་གཏམ་བཤད། སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ཕྱོགས་སུ་འཚམས་གཟིགས་དང་མང་ཚོགས་ལ་གཏམ་བཤད་གནང་སྐབས། ༠༦།༠༣།༢༠༢༢
པདྨ་དངོས་གྲུབ། /RFA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༣ཉིན་སྦེ་ལ་ཀོ་པི་ལུགས་ཟུང་བསམ་གྲུབ་གླིང་དང་བདེ་སྐྱིད་སླར་གསོ་གཞིས་ཆགས་བཅས་སུ་འཚམས་གཟིགས་གནང་ནས། ཁུལ་དེའི་ཅོ་ཀུར་གཞིས་གྲོང་ཁག་དང་། འཚོ་བྱེད་སྨན་ཁང་དང་། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་། དམག་ཟུར་ཚོགས་པ། ས་གནས་སྨན་རྩིས་ཁང་། ས་གནས་རང་བདེན་ཚོགས་ཆུང་། བོད་ཀྱི་གསོལ་མགྲོན་ཁང་། སྦེལ་ཀོབ་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ཚོགས་པའི་རྒྱུན་ལས་ཁང་། ལུགས་ཟུང་གྲོང་སྡེ་དང་པོ། བོད་མིའི་སྤྱི་མཐུན་མཉམ་འབྲེལ་དང་ཕན་བདེ་དགའ་ཚལ་བཅས་འཚམས་གཟིགས་མཇལ་མོལ་དང་མང་ཚོགས་ལ་བོད་དོན་གཏམ་བཤད་གནང་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་ཀྱི་ཡོད་པ་དང་། ད་ལྟའི་འཛམ་གླིང་གི་ཆབ་སྲིད་འགྱུར་འགྲོས་ལྟར་ན། བོད་དོན་ཐོག་རྒྱབ་སྐྱོར་འཚོལ་རྒྱུ་དང་དེར་རྒྱབ་སྐྱོར་རག་རྒྱུར་རེ་བ་ཆེན་པོ་ཡོད་པ་ལྟར། ཚང་མས་གོ་སྐབས་དེ་དམ་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན་ཅེས་དང་། ད་ལྟའི་ང་ཚོའི་སྤྱི་ཚོགས་འདི་དཀྲོག་གཏམ་གྱི་སྤྱི་ཚོགས་ཤིག་ལ་མི་འགྱུར་བའི་ཆེད་བོད་མི་ཚོས་དོ་སྣང་དགོས་སྐོར་ཡང་ནན་སྐུལ་གནང་སོང་།

sikyong penpa tsering (1).png
གཞན་སྲིད་སྐྱོང་མཆོག་གིས། མང་ཚོགས་འཛོམས་སར་མང་གཙོ་དང་ས་གནས་འཐུས་ཚོགས་ཀྱི་གལ་གནད་དང་དེའི་ཕན་ཐོགས་སྐོར་གསུང་ཞོར་སྦེ་ལ་ཀོ་པི་ས་གནས་སུ་ས་གནས་འཐུས་ཚོགས་འཛུགས་ཐབས་གནང་དགོས་པའི་སྐུལ་མ་གནང་སོང་།
གཞན་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་བདག་ཉར་དང་དྲ་ཐོག་འཛིན་སྐྱོང་། ལས་འཆར་བཅས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྤྱི་དང་། ལྷག་པར་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་མཁོ་སྒྲུབ་ཞིབ་འཇུག་དང་བོད་དོན་དྲིལ་བསྒྲགས། ཞུ་གཏུགས་ཀྱི་ལས་འགུལ་སྤེལ་གནང་གི་ཡོད་པ་སོགས་ངོ་སྤྲོད་གནང་ནས། བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཚགས་ཚུད་སྲ་བརྟན་གནས་ཐབས་སུ་དགོངས་བཞེས་གནང་བཞིན་ཡོད་པ་གསུང་ཡོད་པ་རེད།
སྐབས་དེར་མང་ཚོགས་ནས་དོགས་འདྲི་དགོངས་འཆར་སོགས་བཏོན་སྐབས། ཚོགས་ཞུགས་པ་མི་ཉུང་བ་ཞིག་གིས་བོད་མིའི་འོས་བསྡུའི་ཐད་སེར་སྐྱ་གཉིས་ལ་འོས་འཕེན་རྒྱུར་འདྲ་མཉམ་མེད་པ་དེ་བསྐྱར་བཅོས་དགོས་པའི་དགོངས་འཆར་བཏོན་གནང་སོང་བ་མ་ཟད། སྲིད་སྐྱོང་མཆོག་གི་ལས་དོན་གནང་ཕྱོགས་བསྔགས་བརྗོད་ཞུ་མཁན་ཡང་བྱུང་སོང་།

sikyong penpa tsering (1).jpg
ཚེས་༣ཉིན་གྱི་སྔ་དྲོར། སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་དགོན་པར་ཕེབས་ནས། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༤པ་བློ་བཟང་བསྟན་འཛིན་མཆོག་གི་མཇལ་ཁ་ཞུས་གནང་བ་དང་། སྲིད་སྐྱོང་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེར་ད་རེས་ཀྱི་གཞུང་འབྲེལ་འཚམས་གཟིགས་གནང་དོན་དང་། མ་འོངས་ལས་འཆར་སོགས་སྙན་སྒྲོན་ཞུས་པ་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་། ༧གོང་ས་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་འཚམས་འདྲི་མཛད་ཡོད་སྐོར་སྙན་སྒྲོན་ཞུས་གནང་འདུག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་སྲིད་སྐྱོང་མཆོག་གིས་ཕྱག་ལས་གནང་བཞིན་པ་ཁག་ལ་ཆེ་བསྟོད་གནང་བ་མ་ཟད། སྲིད་སྐྱོང་མཆོག་གི་འབྱུང་འགྱུར་གྱི་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་འདུན་དང་འབྲེལ་སངས་རྒྱས་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་གསོལ་རས་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས། སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་ཕྱོགས་ཀྱི་འཚམས་གཟིགས་དང་མཛད་འཆར་ཁག་འགྲུབ་ནས་འདི་ཚེས་༤ཉིན་སྦེ་ལ་ཀོ་པི་ནས་ཕེབས་ཐོན་གྱིས་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་སུ་འཚམས་གཟིགས་གནང་གི་ཡོད་པ་རེད།

གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎