སྲིད་སྐྱོང་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་བོད་མིའི་གཞིས་སྒར་ཁག་ནང་འཚམས་གཟིགས་གནང་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་རྒྱ་གར་ནང་གི་བཙན་བྱོལ་བོད་མི་འདུས་སྡོད་ས་གནས་ཁག་ནང་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་༥བའི་ཚེས་༣༡ཉིན། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེ་ར་ཆོས་སྒར་དུ་ཕེབས་སྐབས། སྲིད་སྐྱོང་མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་གདན་ས་གྲ་ཚང་ཁག་དེ་སྔ་དཔལ་ནཱ་ལེན་དྲའི་གཙུག་ལག་སློབ་གཉེར་ཁང་དང་། དེང་དུས་ཀྱི་གཙུག་ལག་སློབ་གཉེར་ཁང་ལྟ་བུའི་ཤེས་ཡོན་སློབ་གཉེར་གྱི་ལྟེ་གནས་ཤིག་ལ་འགྱུར་ཐབས་སུ་ཐུགས་རེ་གནང་གི་ཡོད་ལྟར། དེ་ལྟར་ཡོང་ཐབས་སུ་འབད་བརྩོན་གནང་དགོས་སྐོར་སེ་ར་ཆོས་སྒར་གྱི་དགེ་འདུན་འདུས་མང་ལ་གསུང་གནང་ཡོད་པ་རེད།
ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གྲངས་ཐོ་གཞིར་བཟུང་ན། ད་ལྟའི་ཆར་དགོན་སྡེ་ཁག་༢༨༨ནང་དགེ་བཙུན་གྲངས་བཞི་ཁྲི་ཉིས་སྟོང་ཡས་མས་ཙམ་ཞིག་ཡོད་པ་ལས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་བཙུན་བརྒྱ་ཆ་༦༦དང་། བོད་པ་བརྒྱ་ཆ་༣༣། གཞན་ཕྱི་རྒྱལ་བ་བརྒྱ་ཆ་༡ཙམ་ཞིག་ཡོད་པ་གསུང་བ་དང་། དེང་སྐབས་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་གི་ནང་མིའི་གྲངས་འབོར་ཉུང་དུ་ཕྱིན་པ་ལྟར། ཕྱི་ལོ་༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་དམ་དྲག་རྐྱེན་གྱིས་བོད་ནས་སྐྱབས་བཅོལ་དུ་ཕེབས་མཁན་ཉུང་དུ་ཕྱིན་ཡོད་པས་མ་འོངས་གདན་ས་གྲྭ་ཚང་ཁག་ནང་དགེ་འདུན་པའི་གྲངས་འབོར་ལ་འགྱུར་བ་འགྲོ་སྲིད་ནའང་གཙོ་བོ་དགེ་འདུན་པ་ཚོས་སློབ་གཉེར་དང་ཉམས་ལེན་ཡག་པོ་གནང་གལ་ཆེ་ཅེས་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་རྒྱ་དཀར་ནག་གཉིས་ཀྱི་སྲིད་གཞུང་འགྲོ་སྟངས་སོགས་ལ་གཟིགས་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་གསར་གཏོད་མཛད་པ་མ་ཟད། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གིས་བོད་ཆོལ་ཁ་གསུམ་གཅིག་ཏུ་བསྡུས་པའི་མི་རིགས་ཀྱི་ངོ་བོ་བསྐྲུན་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ནང་གནད་འགག་ཆེན་པོ་ཡིན་པ་གསུང་གནང་ཡོད་པ་རེད།
དེ་མིན་སྲིད་སྐྱོང་མཆོག་གིས་སྐབས་བཅུ་༡༦པའི་བཀའ་ཤག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་ལས་དོན་གཉེར་བཞིན་ཡོད་པ་མ་ཟད། བཀའ་ཤག་གི་ལས་དོན་གཙོ་བོ་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། སྤྱི་ཚོགས་ཀྱི་བདེ་དོན་ལ་གཟིགས་རྒྱུར་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞིར་བཞག་གི་ཐོག་ནས་ལས་དོན་གཉེར་བཞིན་ཡོད་པ་གསུང་གནང་ཡོད་པ་རེད།
ད་ལན་སྲིད་སྐྱོང་མཆོག་གིས་སེ་ར་ཆོས་སྒར་དུ་གསུང་བཤད་གནང་སྐབས། སེ་ར་ཆོས་སྒར་གྱི་དགེ་འདུན་པའི་ཞལ་གྲངས་ལྟར་དགེ་འདུན་པ་ཚོགས་ཞུགས་གནང་མཁན་གྲངས་ཚད་དམའ་པོ་ལས་ཕེབས་མེད་སྟབས་སེར་སྨད་གྲྭ་ཚང་གི་མཁན་རིན་པོ་ཆེ་བཀྲིས་ཚེ་རིང་ལགས་ཀྱིས་དགོངས་སེལ་ཞུས་གནང་ཡོད་པ་རེད།
གཞན་ཉིན་དེར་སྦེལ་ཀོབ་ལུགས་བསམ་གཞིས་ཁོངས་སུ་ཡོད་པའི་གཞུང་ཞབས་ཟུར་པ་རྣམ་པའི་བགྲེས་ཤག་ཚེ་རིང་དགེ་འཕེལ་གླིང་དུ་ཆེད་ཕེབས་ཀྱིས་ལས་བྱེད་བགྲེས་ཡོལ་བ་རྣམ་པར་མཇལ་འཕྲད་དང་འཚམས་འདྲི་བཀའ་མོལ་གནང་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཕྱི་ཟླ་༥ཚེས་༣༡ཉིན་སྦེ་ལ་ཀོ་པི་བོད་མིའི་གཞིས་ཆགས་ཀྱི་ནང་ཕེབས་འབྱོར་བྱུང་ཏེ་སྦེ་ལ་ཀོ་པི་ལུགས་བདེ་གཞིས་ཁུངས་གཉིས་ཀྱི་ནང་ཡོད་པའི་དགོན་སྡེ་ཁག་ཏུ་ཆོས་མཇལ་གནང་བ་མ་ཟད། སྲིད་སྐྱོང་མཆོག་ནས་ཕྱི་ཟླ་༦ཚེས་༣བར་གཞིས་ཁུངས་གཉིས་ཀྱི་གྲོང་སྡེ་དང་སློབ་གྲྭ་སོགས་སྡེ་ཚན་འདྲ་མིན་གྱི་ནང་འཚམས་གཟིགས་གནང་གི་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།