སྲིད་སྐྱོང་མཆོག་ཁེ་ཎ་ཌའི་དབུས་གྲོས་ཚོགས་འཐུས་མིའི་བོད་ཀྱི་གྲོགས་པོ་ཚོགས་པས་ཕེབས་བསུ་སྣེ་ལེན།

འདི་ཚེས་༣ཉིན་ཁེ་ཎ་ཌའི་རྒྱལ་ས་ཨོ་ཏྲ་ཝ་ཁུལ་དུ་ཁེ་ཎ་ཌའི་དབུས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མིས་གྲུབ་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Arif Virani)་ལགས་ཀྱི་གཙོས་ཁེ་ཎ་ཌའི་སྡོད་ཁང་དང་སྤྱི་ཚོགས་སྣེ་མང་མཉམ་བསྡུས་ཀྱིས་བློན་ཆེན་(Ahmedhusen)་ལགས་། སྐུ་ཞབས་(Garnett Genius)་ལགས། སྐུ་ཞབས་(Randal Garrison)་ལགས། སྐུ་ཞབས་(James Maloney)་ལགས། ལྕམ་སྐུ་(Elizabeth May)་ལགས། སྐུ་ཞབས་(John McKay)་ལགས། སྐུ་ཞབས་(Sven Spengemann)་ བཅས་དབུས་གྲོས་ཚོགས་ཀྱི་འཐུས་མི་བདུན་དང་བློན་ཆེན་གཅིག་བཅས་ནས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཆེ་བསྟོད་ཕེབས་བསུ་སྣེ་ལེན་ཞུས་གནང་ཡོད་པ་དང་། སྐབས་དེར་བྱང་ཨ་རིའི་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། བྱེས་ཀྱི་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་བཅས་མཉམ་ཕེབས་གནང་ཡོད་པ་དང་། སྐབས་དེར་ཕན་ཚུན་ངོ་སྤྲོད་དང་བོད་དོན་བསམ་ཚུལ་ཚུལ་བརྗེ་རེས་གནང་ཡོད་པ་ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
དེ་དང་སྟབས་བསྟུན་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཁེ་ཎ་ཌའི་དབུས་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་འཐུས་མིས་གྲུབ་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་རྣམས་ལ་བོད་དོན་གཏམ་བཤད་དང་འབྲེལ་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་ད་བར་གར་ཡོད་གང་ཡིན་གྱི་གནས་སྟངས་ཁ གསལ་མེད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ངོ་སྤྲོད་དང་སྐུ་ཉིད་གློད་གྲོལ་ཡོང་ཐབས་དང་རང་དབང་ཐོབ་ཐབས་སུ་གཟིག་རྒྱབ་རིན་པོ་ཆེ་དང་ལྷན་ཞུ་གཏུག་གནང་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ད་རེས་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་བརྒྱུད་ཁེ་ཎ་ཌ་གཞུང་དང་གྲོས་ཚོགས་ཀྱི་ཐོག་ནས་རྒྱབ་སྐྱོང་གནང་ཕྱོགས་དང་། དབུ་མའི་ལམ་ལ་གདེང་འཇོག་གནང་སྟངས་སོགས་ཀྱི་ཐད་བཀའ་མོལ་རབ་དང་རིམ་པ་ཞུ་བཞིན་པ་དང་། ལྷག་པར་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློ་གཏོང་སྟངས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་ཞུ་གཏུག་བྱེད་རྒྱུ་སོགས་ཀྱི་ལས་རིམ་བསྒྲིགས་ཡོད་པ་གསུངས་བྱུང་།
སྲིད་སྐྱོང་མཆོག་གིས་ད་རེས་ཁེ་ཎ་ཌའི་ནང་གི་འཚམས་གཟིགས་མཛད་རིམ་ཁག་གཙོ་བོ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་འགན་བཞེས་བའི་ཐོག ཁེ་ཎ་ཌའི་བོད་དོན་ལྷན་ཚོགས་ནས་མཛད་འཆར་སྒྲིག་པ་སོགས་ཀྱི་འགན་བཞེས་ནས་མཉམ་རུབ་གོ་སྒྲིག་གནང་གི་ཡོད་འདུག
གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།