སྲིད་སྐྱོང་མཆོག་གིས་སི་ཀོཊ་ལན་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཡུལ་ནང་གི་གཞུང་འབྲེལ་འཚམས་གཟིགས་འགྲུབ་ནས། འདི་ཚེས་༢༧ཉིན་སི་ཀོཊ་ལན་ཌའི་(Scotland)་ནང་ཕེབས་འབྱོར་གྱིས། སི་ཀོཊ་ལན་ཌིར་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་རྗེས། ཡུལ་དེའི་ཆབ་སྲིད་ཚོགས་པ་འདྲ་མིན་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་འཐུས་མི་ཚོར་མཇལ་མོལ་དང་། ཡོ་རོབ་དང་རྒྱལ་སྤྱིའི་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་སྐུ་ཞབས་(MSP Faysal Choudhury)་ལགས་ཀྱིས་ཕེབས་བསུ་གནང་སྐབས། གྲོས་ཚོགས་འཐུས་མི་སྐུ་ཞབས་(Donald Cameron)་ལགས་དང་། (Pauline McNeill)་ལགས་རྣམ་གཉིས་ཀྱང་ཕེབས་ནས་མཇལ་མོལ་གནང་ཡོད་འདུག
དེ་བཞིན་ཚེས་༢༧ཉིན་སྲིད་སྐྱོང་མཆོག་གིས་(Edinburgh University)་གཙུག་ལག་སློབ་ཆེན་དུ་(Tibet: An Unresolved International Conflict)་ཞེས་བོད་རྒྱལ་སྤྱིའི་ནང་སེལ་མ་ཐུབ་པའི་རྩོད་རྙོག་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་གནང་ཡོད་འདུག ཚོགས་འདུ་དེ་བཞིན་(Asia Scotland Institute)་ཞེས་བས་གོ་སྒྲིག་ཞུས་པ་ཡིན་པ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བློ་བཟང་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
གཞན་འདི་ཚེས་༢༨ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབྱིན་ཇིའི་དཔལ་འབྱོར་དུས་བབ་(Financial Times)་གསར་ཁང་གི་བཅར་འདྲི་དང་ལེན་གནང་བ་དང་། དེ་ནས་སི་ཀོཊ་ལན་ཌིའི་གྲོང་ཁྱེར་ཨེ་ཌིན་བྷག་ནས་ཨ་བེར་ཌིན་དུ་ཕེབས་ནས། ཨ་བེར་ཌིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཌེ་ཝི་ཌི་ཀེམ་རོན་(David Cameron)་ལགས་དང་མཇལ་མོལ་གནང་ཡོད་པ་བཅས་སྲིད་སྐྱོང་མཆོག་གི་ངོ་དེབ་སོགས་སུ་གནས་ཚུལ་སྤེལ་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ད་རེས་རིམ་པས་ཌན་མག་དང་། ནོར་ཝེ། འཇར་མན་ནི་བཅས་པའི་ནང་གཞུང་དོན་འཚམས་གཟིགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།