སྲིད་སྐྱོང་མཆོག་གིས་ཡོ་རོབ་ལྭཏ་ཝི་ཡའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བྱང་ཡོ་རོབ་ཀྱི་(Baltic)་མངའ་ཁུལ་གྱི་ཨིསི་ཊོནི་ཡཱའི་ནང་སྲིད་སྐྱོང་གི་མཛད་འགན་བཞེས་རྗེས་གཞུང་དོན་ཕྱོགས་ཕེབས་ཐོག་མ་དེ་གནང་བ་དང་། དེ་ནས་ཧྥིན་ལན་ཌིའི་ནང་འཚམས་གཟིགས་འགྲུབ་རྗེས། ཕྱི་ཚེས་༢༨ཉིན་ལྭཏ་ཝི་ཡའི་(Latvia)་གྲོང་ཁྱེར་རི་གྷ་རུ་(Riga)་ཕེབས་འབྱོར་སྐབས་ཁུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Janis Martin Skuja)་ལགས་ཀྱིས་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད་པ་དང་། ཉིན་རྒྱབ་སྲིད་སྐྱོང་མཆོག་ཁྲིམས་དང་བཟང་སྤྱོད། ཚུལ་ཁྲིམས་(Law, Ethics and Morality)་ཞེས་པའི་བགྲོ་གླེང་ཚོགས་འདུར་ལྷན་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་ཚོགས་བཅར་པ་རྣམས་ཀྱིས་དོ་སྣང་ཆེན་པོས་རིག་གཞུང་དང་། སྐད་ཡིག་གཅེས་སྐྱོང་དང་སྲུང་སྐྱོབ། ལྭཏ་ཝི་ཡས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་དོན་གླེང་ཕྱོགས། བོད་མིའི་སྒྲིག་འཛུགས་དང་། གཞན་སེམས་དང་འགན་འཁྲི་སོགས་གནད་དོན་ཅི་རིགས་ཐོག་བཀའ་འདྲི་ཞུས་པ་ལན་འདེབས་གསལ་བཤད་གནང་བའི་རྗེས་ས་གནས་ཀྱི་གསར་འགོད་པའི་བཅར་འདྲིར་ཡང་དྭང་ལེན་གནང་ཡོད་འདུག
དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་དོན་ལྟར་ན། དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་ཡོ་རོབ་བྱང་ཕྱོགས་ཀྱི་ཡུལ་ལུང་ཁག་ཏུ་རྒྱུན་དུ་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་བོད་དེ་བཞིན་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་མངའ་ཐང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་བདེན་པ་ངོ་སྤྲོད་གནང་རྒྱུ་འབད་འབུངས་གནང་བཞིན་ཡོད་པ་དང་། ཉེ་ཆར་བོད་དེ་བཞིན་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་ཁག་ཏུའང་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་མཁན་རྒྱ་མི་སློབ་དཔོན་ལའོ་ལགས་གདན་ཞུས་ཀྱིས། དབྱིན་ཇིའི་གྲོས་ཚོགས་སོགས་སུ་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྲིད་སྐྱོང་མཆོག་གིས་ཕྱི་ཟླ་༡ཚེས་༢༩ཉིན་མུ་མཐུད་དུ་གསར་འགོད་པར་མཇལ་འཕྲད་དང་། ཚོགས་འདུར་མཉམ་ཞུགས། གློག་བརྙན་གཟིགས་འབུལ་བཅས་ཀྱི་ཐོག་ལྷན་ཞུགས་གནང་བཞིན་ཡོད་འདུག
ཚེས་༢༦ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧྥིན་ལན་ཌའི་རྒྱལ་ས་ཧེལ་སིན་ཀི་རུ་ཧྥིན་ལན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Erja Varis)་ལགས་དང་། གཞུང་གི་གནད་ཡོད་མི་སྣ། དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་(Inka Hopsu)་ལགས། ལྕམ་(Maria Ohisalo)་མཆོག དེ་བཞིན་འབྲེལ་ཡོད་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་ཕྱག་ལས་གནང་མཁན་ཁག་ཅིག་དང་ཉམས་ཞིབ་པ་སོགས་ལྷན་དུ་མཇལ་མོལ་གནང་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།