སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པ་ཚོགས་འདུ་འཕར་མར་ངེས་བཅར་ཡོང་བའི་འབོད་སྐུལ།

2021.05.10
སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པ་ཚོགས་འདུ་འཕར་མར་ངེས་བཅར་ཡོང་བའི་འབོད་སྐུལ། སྲིད་སྐྱོང་མཆོག་གིས་འབོད་སྐུལ་སྐབས།
དྲ་བཤུས།/TTV

ནད་ཡམས་ཀྱི་གནས་སྟངས་ཛ་དྲག་ཡོད་མིན་ལ་མ་བལྟོས་པར་རིང་མིན་ཚོགས་གཏན་འཁེལ་བའི་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མར་བཅར་ཐབས་དགོས་པ་སྲིད་སྐྱོང་མཆོག་གིས་སྤྱི་འཐུས་རྣམ་པར་འབོད་སྐུལ་གནང་འདུག
ཉེ་ལམ་ཟླ་༤་བའི་ཚེས་༢༧་ཉིན་ཚོགས་དྲུང་ལས་ཁུངས་ནས་བཅའ་ཁྲིམས་དོན་ཚན་༤༡་ནང་གསལ་ལྟར་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་འདུ་འཕར་མ་རིང་མིན་ཟླ་༥་ཚེས་༢༠་ཉིན་ལས་དུས་ཉིན་གཅིག་རིང་ཚུགས་གཏན་འཁེལ་ཡོད་པའི་གསལ་བསྒྲགས་གནང་ཡོད་པ་རེད། རྒྱ་གར་ནང་དེ་སྔ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་རྐྱེན་པས་༢༠༢༠་ལོའི་ཕྱི་ཟླ་༩་པའི་གྲོས་ཚོགས་ཚོགས་རྒྱུ་འཕར་འགྱངས་བྱས་མྱོང་ཡོད་པ་རེད། འོན་ཀྱང་ད་ཆ་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་དེ་ལོ་སྔོན་མའི་སྤྱི་ཟླ་དགུ་བ་ལས་ཀྱང་ཛ་དྲག་ཆེ་བའི་སྐབས་འདིར་གྲོས་ཚོགས་ཚོགས་དགོས་དོན་དང་། དེའི་ལས་རིམས། ཚོགས་འདུ་ཚོགས་ཐུབ་མིན་སོགས་ཀྱི་ཐད། འདི་ག་རླུང་འཕྲིན་ཁང་གིས་ཚོགས་དྲུང་ལས་ཁུངས་སུ་ཚོགས་གཞོན་མཆོག་ལ་བཅར་འདྲི་ཡོང་ཐབས་བྱས་ཀྱང་ཡིག་ཐོག་གང་ཡོད་པའི་གསལ་བསྒྲགས་ལས་ལྷག་པ་གང་ཡང་ཞུ་རྒྱུ་མེད་སྐོར་གསུངས་གནང་བྱུང་།

ད་ཆ་བོད་མིའི་སྤྱི་ཚོགས་ཁྲོད་འདིའི་ཐད་བསམ་ཚུལ་མང་དག་ཞིག་ཡོང་བཞིན་ཡོད་པ་ནི། བཅའ་ཁྲིམས་དོན་ཚན་༤༡་པའི་ནང་གསལ་བཀའ་ཤག་དང་། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན། ཚོགས་གཙོ་ལྷན་རྒྱས་ཀྱིས་སྤྱི་འཐུས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་འཐུས་ཞེས་འཁོད་ཡོད། ཡིན་ནའང་སྤྱི་འཐུས་ལྷན་ཚོགས་ནས་ཞུ་སྐུལ་གནང་མཁན་བྱུང་མེད་པར་སོང་ཚོགས་འདུ་དེ་ཁྲིམས་མཐུན་ཆགས་ཀྱི་མེད་པའི་བསམ་ཚུལ་བརྗོད་མཁན་ཡོང་བཞིན་ཡོད་པ་རེད།
འདི་ཚེས་༦་ཉིན་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་གར་ནང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཡོད་པར་བརྟེན། རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཁག་གནས་སྐབས་སྒོ་རྒྱག་དགོས་བའི་གསལ་བསྒྲགས་གནང་བའི་ཞོར་ལ། སྤྱི་འཐུས་རྣམ་པ་ཛ་དྲག་གི་གནས་སྟངས་ཡོད་མིན་ལ་མ་བལྟོས་པར་ཚོགས་འདུ་འཕར་མར་ཚོགས་བཅར་ཡོང་བའི་འབོད་སྐུལ་གནང་འདུག
དེ་བཞིན་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་རྣམ་པ་ཚོར་ཕྱི་ཟླ་༥་ཚེས་༢༠་ཉིན་འཚོགས་གཏན་འཁེལ་བའི་གྲོས་ཚོགས་འཕར་མའི་ཚོགས་བརྡ་དང་འབྲེལ་བའི་ཡིག་ཆུང་ཟུར་འབུལ་བྱས་བའི་ནང་། ད་རེས་ཀྱི་གྲོས་ཚོགས་ཚོགས་འདུ་འཕར་མ་དེ་བཞིན་གལ་འགངས་ཆེ་བར་སོང་སྤྱི་འཐུས་རྣམ་པ་ཚང་མ་གྲོས་ཚོགས་སུ་ངེས་པར་ཕེབས་དགོས་པ་དང་། གལ་ཏེ། གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོང་ཚེ་དེའི་འགན་འཁྲི་ཡོངས་རྫོགས་གྲོས་ཚོགས་སུ་བཅར་མ་ཐུབ་མཁན་སྤྱི་འཐུས་རྣམས་ནས་བཞེས་དགོས་ཆགས་རྒྱུར་དེ་དོན་ཚང་མས་དགོངས་པ་བཞེས་གནང་ཡོང་བ་ཞུ་ཞེས་འཁོད་ཡོད་པ་དང་། དེའི་ཐད་ཨོ་ཊལ་ཨ་ཤེ་ཡའི་སྤྱི་འཐུས་གདུང་འདུས་སྐྱིད་འཛོམས་ལགས་ཀྱིས། ཚོགས་འདུ་དེ་གལ་ཆེན་པོ་ཡིན་ན་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་གཞི་ལྟར་ནད་ཡམས་སྐབས་ཕར་ཚུར་འགྲུལ་བཞུད་ལ་དམ་དྲག་ཆེན་པོ་ཡོད་པ་དང་། དམ་དྲག་གི་ཁྲིམས་གཞི་མ་བརྩིས་བར་འགྲུལ་བཞུད་བྱེད་མཁན་བྱུང་ཚེ། བཙོན་འཇུག་དང་སྒོར་མོ་ཁྲི་ཚོ་མང་པོའི་དཔལ་འབྱོར་ཉེས་ཆད་གཏོང་རྒྱུ་སོགས་བཀག་སྡོམ་ཡོད་པའི་གནས་སྟངས་ལ་དགོངས་པ་མ་བཞེས་བ་ནི་འགན་སུས་མ་ཁུར་བ་རེད་སྙམ་པའི་ཚོར་བ་བྱུང་། ཁྲིམས་ཞིབ་པ་དང་འབྲེལ་བའི་གནད་དོན་དེ་དཀའ་ངལ་ཆེན་པོ་རེད། དེའི་འགན་དེ་འཕོ་འགྱུར་གཏོང་མཁན་སྤྱི་འཐུས་སོ་གཅིག་ལ་ཡོད་པ་ལས་ང་ཚོ་ཚོགས་འདུར་བཅར་མ་ཐུབ་མཁན་ཚོར་འགན་ཡོད་གསུངས་བ་ནི། འགན་མ་ཁུར་བའི་བཀའ་མོལ་རེད་ཅེས་གསུངས་བ་དང་མཉམ། ཚོགས་འདུ་གལ་ཆེན་པོ་ཡིན་པའི་གནས་སྟངས་གཞིགས་ནས་དྲ་རྒྱ་བརྒྱུད་ཚོགས་རྒྱུའི་དགོངས་བཞེས་ཡོང་བ་ཞུ་འཆར་ཡོད་པ་གསུངས་གནང་བྱུང་།
ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་ཞིབ་པ་གསུམ་པོ་མེད་པར་སོང་། བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་གསར་པ་དང་། སྐབས་བཅུ་བདུན་པའི་སྤྱི་འཐུས་རྣམ་པའི་ལས་འཁུར་དམ་འབུལ་ཞུ་ས་མེད་པའི་གནས་སྟངས་ཆགས་ཡོད་པར་སོང་། རིང་མིན་ཚོགས་གཏན་འཁེལ་བའི་གྲོས་ཚོགས་ཀྱི་ཚོགས་འདུ་འཕར་མ་དེའི་ཐོག་ནས་དམ་འབུལ་ཞུ་ཡུལ་གྱི་གནད་དོན་དེ་ཁ་གསལ་ཞིག་བཟོ་དགོས་པ་ཞིག་ཆགས་ཡོད་པ་རེད།
ལྡེ་ར་ལྡུན་ཁུལ་དུ་གནས་བཞུགས་ཁྲིམས་རྩོད་པ་བསྟན་འཛིན་འབྱུང་གནས་ལགས་ཀྱིས་གསུང་ན། ཕྱི་ཟླ་༣་ཚེས་༢༥་ཉིན་སྤྱི་འཐུས་གྲོས་ཚོགས་ནས་ཁྲིམས་ཞིབ་པ་གསུམ་ལྡེབ་ཅིག་ལ་འཕོ་འགྱུར་བཏང་བ་དེ། བཅའ་ཁྲིམས་དོན་ཚན་༥༤་དགོངས་དོན་ཚོགས་ཆུང་ཟུར་བཙུགས་མ་གནང་བ་དང་། བཅའ་ཁྲིམས་དོན་ཚན་༦༣་དགོངས་དོན་ཁྲིམས་ཞིབ་པ་སུ་རུང་འཕོ་འགྱུར་གཏོང་དགོས་བྱུང་ན་ཞེས་གསལ་བ་ལྟར་ལས་ལྡེབ་གཅིག་ལ་འཕོ་འགྱུར་གྱི་ལམ་ཁ་མེད་པར་སོང་། བཅའ་ཁྲིམས་དོན་ཚན་༥་པའི་ནང་གསེས་དང་པོ། ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ་ཞེས་གསལ་བ་ལྟར། དེ་སྔོན་བཞག་པའི་གྲོས་ཆོད་ཡིན་ཆ་ཨང་༣༩་དེ་རང་བཞིན་རྩིས་མེད་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎