བོད་རྒྱའི་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པའི་ནན་བརྗོད།
2016.01.10

༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དེང་སྐབས་ཉི་ཧོང་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་། ཁོང་གིས་རྒྱ་ནག་ཕྱོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འབྲེལ་མོལ་བསྐྱར་གསོ་བྱ་དགོས་པའི་སྐོར་བསྐྱར་དུ་ནན་བརྗོད་གནང་ཡོད་པ་རེད།ཕྱི་ཟླ་དང་པོའི་ཚེས་༩ ཉིན་ཉི་ཧོང་གི་སྐད་གྲགས་ཆེ་བའི་བརྙན་འཕྲིན་ལས་ཁང་NHK ཡིས་རྒྱང་བསྲིང་བྱས་པའི་ནང་། བློ་བཟང་སེང་གེ་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་ལོ་བཞིའི་ནང་ད་རེས་ཉི་ཧོང་དུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཡོད་པ་དང་། ཁོང་གིས་ཕྱི་ཟླ་དང་པོའི་ཚེས་༩རེས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོ་ཁྱོ་ནང་དུ་༡༦༨༡ ལོར་གསར་བཞེངས་མཛད་པའི་ནང་པའི་དགོན་པ་Gokokuje ནང་གསར་འགོད་ལྷན་ཚོགས་ཐོག་ལ་བཀའ་མོལ་གནང་བ་ཞིག་ཡིན་ཞིང་།ཁོང་གིས་བོད་ནང་གི་བོད་མི་ཚོར་དམིགས་བསལ་ཐོབ་ཐང་ལག་འཁྱེར་མཉམ་དུ་འཁྱེར་དགོས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ལ་ཞིབ་བཤེར་དང་ལྟ་སྲུང་ནན་པོ་བྱེད་བཞིན་ཡོད་པའི་ཁར། བོད་ཀྱི་ས་ཁུལ་ནང་གི་ཚོང་ལས་ཀྱི་གཞི་ཡུལ་ཁག་མང་ཆེ་བ་ནི་རྒྱ་མི་རིགས་ཀྱིས་དབང་བསྒྱུར་བྱས་ཏེ་ས་གནས་བོད་མི་མང་ཚོགས་ལ་ཁེ་ཕན་གང་ཡང་ཐོབ་ཀྱི་མེད་པའི་གནས་སྟངས་ཡོད་པར་བརྟེན་ནས། བོད་ནང་དུ་སློབ་ཕྲུག་དང་གནད་ཡོད་མི་སྣ་ཁག་གིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ལ་འཛིན་པའི་སྡུག་རྩུབ་ཆེ་བའི་སྲིད་ཇུས་ལ་མུ་མཐུད་ནས་ངོ་རྒོལ་བྱེད་ཀྱི་ཡོད་ལ། ད་བར་དུ་བོད་མི་༡༤༣ ཡིས་རང་ལུས་མེ་བསྲེག་བཏང་སྟེ་རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་པའི་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཁོང་གིས། རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ཀྱི་གནད་དོན་དེ་གྲོས་མོལ་ཐོག་ནས་སེལ་དགོས་གལ་ཡིན་པའི་གནས་ལུགས་དེ་ཤེས་རྟོགས་ཐུབ་པ་ཡོང་རྒྱུ་གལ་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་རེད། དེ་བཞིན་སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༠་ཉིན་ཉི་འོང་གི་རྒྱལ་སའི་ནང་གི་སྐུ་ཚབ་དོན་གཅོད་ཁང་དུ་འཚམས་གཟིགས་གནང་ཡོད་པ་རེད།གསར་འགོད་པ་གཡུ་སྒྲོན།།