ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་འཛུགས་རྒྱུར་ངོ་རྒོལ་བྱེད་མཁན་བྱུང་འདུག

2022.09.23
ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་འཛུགས་རྒྱུར་ངོ་རྒོལ་བྱེད་མཁན་བྱུང་འདུག ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་གི་ཁྱབ་བསྒྲགས་སྦྱར་སར། ༠༩།༢༠༢༢
RFA cantonese

དེ་ཡང་རྒྱ་ནག་ནང་འཚར་ལོངས་བྱུང་པའི་(Sveta Li)་སུ་ཝ་ཌར་ལི་ཞུ་བའི་སློབ་མ་བུ་མོ་ཞིག་གིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོད་པའི་ཀོ་ལོམ་སྦི་ཡ་གཙུག་ལག་སློབ་ཆེན་(columbia university)་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཚོགས་པ་ཐོག་མ་འཛུགས་རྒྱུའི་འཆར་གཞི་དང་སློབ་མ་མང་ཙམ་མཉམ་ཞུགས་ཡོང་བའི་ཆེད་སློབ་གྲྭའི་ནང་ཡོད་པའི་ཁྱབ་བསྒྲགས་སྦྱར་སར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་མཚོན་རྟགས་བཀོད་པའི་གསལ་བསྒྲགས་ཤིག་སྦྱར་ཡོད་པ་དེར་རྒྱ་མི་སློབ་མ་ཁག་ཅིག་གིས་ངོ་རྒོལ་དང་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་ཅིག་ཀོ་ལོམ་སྦི་ཡ་སློབ་གྲྭའི་ནང་འཛུགས་རྒྱུའི་འཆར་གཞི་བཀོད་མཁན་ནི། རྒྱ་མི་རིགས་ཡིན་པའི་སློབ་མ་ཞིག་ཡིན་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་འབུམ་རམས་པའི་སློབ་གཉེར་གནང་བཞིན་པའི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གནས་ཚུལ་ཤེས་རྟོགས་བྱུང་བར། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་འཛུགས་རྒྱུའི་གསལ་བསྒྲགས་ཡིག་ཆ་དེ་གཟའ་འཁོར་སྔོན་མ་ནས་སློབ་གྲྭའི་ས་གནས་ཁ་ཤས་ལ་སྦྱར་ཡོད་པ་དང་། ད་རེས་ཚེས་༢༡ཉིན་གསལ་བསྒྲགས་སྦྱར་བ་མང་པོ་ཞིག་མཐོང་རྒྱུ་མེད་པ་མ་ཟད། ད་དུང་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱུན་དུ་བོད་སྐོར་ལ་འགྲེལ་བརྗོད་བྱེད་སྟངས་བཞིན། རྒྱ་ཡིག་དང་དབྱིན་ཡིག་ཐོག་ནས་སྦྱར་ཡིག་བཞག་ཡོད་པའི་ཐོག་ཚིག་ངན་དང་ཉེན་བརྡའི་རྣམ་པའི་ཚིག་བྲིས་ཡོད་འདུག ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་གསར་འཛུགས་ཀྱི་ལས་འགུལ་སྤེལ་མཁན་(Sveta Li)་ལགས་ཀྱིས་གསུངས་པར། བྱེད་སྟངས་དེ་གཅིག་བྱས་ན་རྒྱལ་གཅེས་ཀྱི་སློབ་མ་ཡིན་སྲིད་པ་རེད། འོན་ཀྱང་རྒྱབ་ལ་སྒྲིག་འཛུགས་ཤིག་ཡོད་པ་དེ་བས་དོགས་པ་ཆེ་བ་འདུག གང་ཡིན་ཞེ་ན། རྒྱ་ནག་གི་སློབ་མའི་མཐུན་ཚོགས་ནས་རྟག་ཏུ་སློབ་གྲྭའི་འཕེལ་ཕྱོགས་ལ་ལྟ་བཞིན་ཡོད་པས། བོད་དང་འབྲེལ་པའི་ཚོགས་པ་འདི་འདྲ་ཞིག་ཐོན་པ་ཙམ་གྱིས་ལམ་སེང་རྒྱ་ནག་གཞུང་ལ་སྙན་སེང་ཞུ་ཡི་ཡོད་པ་རེད་ཅེས་དང་། ཡང་ཚོགས་པ་གསར་འཛུགས་ཀྱི་གསལ་བསྒྲགས་ནང་། བོད་རྒྱའི་ཞིབ་འཇུག་དང་བོད་རྒྱའི་འབྲེལ་བར་དོ་སྣང་ཡོད་མཁན་གྱི་སློབ་མ་གདན་ཞུས་ཀྱིས་མཉམ་དུ་བོད་ཟས་དང་བོད་ཀྱི་གློག་བརྙན། བོད་པའི་རིག་གཞུང་སོགས་ཀྱི་ཐད་བྱེད་སྒོ་སྤེལ་རྒྱུ་ཡིན་པ་བརྗོད་འདུག

0923-US-POSTER-photo 2-3 .JPG
ད་རེས་གསལ་བསྒྲགས་དེར་མི་འདོད་པ་བྱེད་མཁན་གྱིས་དབྱིན་ཡིག་དང་རྒྱ་ཡིག་ནང་ཚིག་འདྲ་མིན་བྲིས་པའི་ནང་། དཔེར་ན། རྒྱ་མི་སློབ་ཕྲུག་ཚོས་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་ན་མི་འགྲིག་པ་དང་། རྒྱ་མི་སྤུན་ཟླ་ཚོ་བོད་ལ་རྒྱབ་སྐྱོར་མ་བྱེད་རོགས། དེ་ནོར་བ་རེད། བོད་ནི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་བ་སོགས་བྲིས་ཡོད་པ་བསྟན་རྡོར་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།
དེའི་ཐད་ཚོགས་པ་གསར་འཛུགས་ཀྱི་ལས་འགུལ་སྤེལ་བཞིན་(Sveta Li)་ལགས་ནས་གོང་གི་གསལ་བསྒྲགས་དེར་མི་འདོད་པ་བྱེད་མཁན་གྱིས་བྲིས་པའི་ཚིག་ནང་ཉེན་བརྡ་དང་འཇིགས་སྐུལ་གྱི་རྣམ་པ་ཞིག་མངོན་གྱི་འདུག འདི་ནི་ང་ཚོའི་གསལ་བསྒྲགས་ལ་མོས་མཁན་རྒྱ་ནག་གི་སློབ་ཕྲུག་ཚོར་ཉེན་བརྡ་བཏང་ནས། ཁྱེད་ཚོས་འདི་ལྟར་བྱེད་རྒྱུ་མེད་པ་དང་ཡང་ན་ཁྱེད་ཚོས་བྱས་པ་འདི་ང་ཚོས་ཤེས་ཀྱི་ཡོད་པའི་འཇིགས་སྣང་སློང་བའི་རྣམ་པ་ཞིག་འདུག་ཅེས་བརྗོད་ཡོད། ད་དུང་རྒྱ་ནག་གི་སློབ་མས་མུ་མཐུད་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་འཛུགས་རྒྱུར་འགོག་རྐྱེན་བཟོས་པ་ཡིན་ཚེ་སློབ་སྤྱི་དང་འཛིན་སྐྱོང་ལ་སྙན་སེང་ཞུ་རྒྱུ་མ་ཟད། འབྲེལ་ཡོད་སློབ་གྲྭའི་ཁྲིམས་བཞིན་སྨྲ་བརྗོད་རང་དབང་ལ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་འདུག
ད་རེས་ཀོ་ལོམ་སྦི་ཡ་གཙུག་ལག་སློབ་གྲྭའི་ནང་ཡག་ལག་ཚོགས་པ་འཛུགས་མཁན་སློབ་ཕྲུག་ཁ་ཤས་ལས་མེད་ཀྱང་ཚང་མ་ཆོད་སེམས་བརྟན་པོ་འདུག རང་དབང་ལུང་པའི་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཆེད་འཐབ་རྩོད་བྱས་ན་རིམ་པས་ཡན་ལག་ཚོགས་པ་འཛུགས་ཐུབ་ངེས་ཡིན་པ་དང་། དེ་ལྟར་བྱུང་ན་མ་འོངས་བར་སློབ་གྲྭ་གཞན་ཁག་གི་ནང་དུ་ཡང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་འཛུགས་རྒྱུར་སྐུལ་འདེད་ཡོང་རྒྱུ་ཡིན་པ་བསྟན་རྡོར་ལགས་ཀྱིས་ངོས་འཛིན་གནང་གི་འདུག

གསར་འགོད་པ། སྒྲོལ་དཀར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎