བླ་བྲང་བསང་ཁོག་ནས་བཀྲ་ཤིས་སྐྱིད་ཀྱིས་རང་སྲེག་ཞི་རྒོལ་གནང་བ།
2015.08.28

མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་ནས་བཀྲ་ཤིས་སྐྱིད་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་ལ་ཞི་རྒོལ་གནང་འདུག
དེ་ཡང་འབྲེལ་ཡོད་བརྒྱུད་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། སྤྱི་ལོ་༢༠༡༥ལོའི་ཟླ་༨ཚེས་༢༧ཉིན་གྱི་དགོང་དྲོར་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་ནས་བུད་མེད་བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་བསྲེགས་བཏང་ནས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་རྣམ་པ་བསྟན་འདུག གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། དེ་ནི་ཁ་ས་སྤྱི་ཚེས་༢༧ཉིན་བསང་ཆུ་བསང་ཁོག་ཡུལ་ཚོར་ས་གནས་རྒྱ་ནག་གི་ཉེན་རྟོག་པ་དང་། རྒྱ་མི་ལས་བྱེད་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བ་ཡོང་ནས་བསང་ཁོག་དངུལ་རྭ་ཕྱོགས་ཀྱི་ས་གནས་བོད་མིའི་ཁྱིམ་ཚང་ཞིག་གི་ཁང་པ་རྩ་གཏོར་བཏང་བའི་སྐབས་ཁྱིམ་བདག་གི་གཙོས་ས་གནས་བོད་མི་དང་། ཉེན་རྟོག་པའི་བར་གདོང་ཐུག་བྱུང་ཡོད་པ་དང་། མི་སྣ་འཛིན་བཟུང་བྱས་བའི་གནས་ཚུལ་ཡང་བྱུང་འདུག་པས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེའི་རྗེས་སུ་བྱུང་བ་ཡིན་པས་ཕལ་ཆེར་འབྲེལ་བ་མེད་དམ་སྙམ་པའི་ཚོད་དཔག་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
དེའི་ཐད་བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བཀྲ་ཤིས་སྐྱིད་ཀྱིས་རང་ལུས་མེར་བསྲེགས་རྗེས། ས་གནས་བོད་མི་ཚོས་ཁོ་མོའི་ལུས་སྟེང་ཀྱི་མེ་བསད་ནས་སྐྱོབ་ཐབས་བྱས་ཡོད་ཀྱང་། མཚན་མོའི་ཚོུད་༣པ་ཡས་མས་སུ་འདས་གྲོངས་སུ་ཕྱིན་ཡོད་ཚུལ་དང་། སྤྱི་ཚེས༢༨ཉིན་རྒྱ་ནག་གི་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་ཁོང་མོའི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་པའི་སྐོར་འཁོད་འདུག
གོང་གི་རང་ལུས་མེར་བསྲེགས་བཏང་མཁན་བཀྲ་ཤིས་སྐྱིད་ལགས་ནི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོའི་དངུལ་ར་སྡེ་བ་ནས་ཡིན་པ་དང་། བཀྲ་ཤིས་སྐྱིད་ལགས་བརྩིས་བས་ད་བར་རྒྱ་ནག་གི་སྟངས་འཛིན་དབང་བསྒྱུར་འོག་བོད་ནང་གི་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གནང་མཁན་བོད་མི་མི་གྲངས་༡༤༣བྱུང་ཡོད་པ་དང་། སྤྱི་ལོ་༢༠༡༥ལོ་གཅིག་པུར་ད་བར་བོད་མི་མི་གྲངས་༦གིས་བོད་ནང་རང་ལུས་མེར་བསྲེག་བཏང་ཡོད་པ་རེད།
གསར་འགོད་པ་འཆི་མེད་དང་ཀླུ་འབུམ།
* ཞིབ་ཕྲ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན།