བོད་དོན་ཆེད་ལག་དེབ་སྔོན་པོའི་ལས་འགུལ་སྤེལ་བ།
2016.01.29

རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་བོད་དོན་ཆེད་ལག་དེབ་སྔོན་པོའི་ལས་འགུལ་སྤེལ་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་ལག་དེབ་སྔོན་པོའི་ལས་གཞི་འམ་བོད་ཀྱི་རྩ་དོན་བསྒྲུབ་ཐབས་སུ། ཕྱིའི་རྒྱལ་ཁབ་ཁག་ནས་བོད་ཀྱི་དྲང་བདེན་ཐབས་རྩོད་པ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་གཞི་ཞིག་རུ་སོག་བོད་ཀྱི་དོན་གཅོད་ལས་ཁང་དུ་སྤེལ་ཡོད་པ་རེད།
སྤྱིར་བཏང་ལས་གཞི་དེ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་༡༩༩༧ལོར་དབུ་ཚུགས་གནང་བ་ཞིག་ཡིན་པ་དང་། ལས་གཞི་དེའི་དམིགས་ཡུལ་ནི། ཕྱིའི་མི་རིགས་ནས་བོད་དོན་ཐོག་གདུང་སེམས་མཉམ་བསྐྱེད་དང་། རྒྱབ་བསྐྱོར་སྔར་ལས་ལྷག་པ་འབྱུང་ཐབས་འབད་བརྩོན་ཞུ་རྒྱུ་དང་། འཛམ་གླིང་ནང་བོད་དོན་རྒྱབ་བསྐྱོར་བ་ས་ཡ་གཅིག་འབྱུང་ཐབས་དམིགས་ཚད་འཇོག་རྒྱུ། ཕྱིའི་རྒྱལ་ཁབ་སྤྱི་དང་ལྷག་པར་དུ་རྒྱ་གར་སྤྱི་ཚོགས་ནས་རྒྱབ་བསྐྱོར་དེ་བས་ཤུགས་ཆེ་འབྱུང་ཐབས་བྱ་རྒྱུ། གལ་ཆེའི་ལས་གཞི་འདི་བཞིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་བྱ་རྒྱུ་ཡིན་པ་རེད།
རུ་སོག་དོན་གཅོད་ཁང་གི་ལས་བྱེད་ཀརྨ་བསྟན་འཛིན་ལགས་ཀྱིས། རུ་སོག་སྐུ་ཚབ་དོན་གཅོད་ཁང་ནས་ལག་དེབ་སྔོན་པོའི་ལས་གཞི་སྤེལ་བའི་གནས་ཚུལ་འགྲེལ་བརྗོད་གནང་བའི་ནང་། དེ་སྔོན་རུ་སུའི་མི་སེར་ནས་ལག་དེབ་སྔོན་པོ་བཞེས་མཁན་བྱུང་ཡོད་ཀྱང་། བར་སྐབས་ཤིག་ནས་ལག་དེབ་སྔོན་པོ་བཞེས་མཁན་གྱི་གྲངས་འབོར་དེ་ཙམ་མང་པོ་བྱུང་མེད་སྟབས། ང་ཚོས་ལག་དེབ་སྔོན་པོའི་ལས་གཞི་དེ་སླར་ཡང་སྤེལ་བ་ཡིན། སྤྱིར་དེང་སྐབས་ཨུ་རུ་སུར་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དཔལ་འབྱོར་གནོན་ཤུགས་འོག་དཀའ་ངལ་ཆེ་བའི་དུས་ཚོད་ཅིག་འཕྲད་བཞིན་ཡོད་ན་ཡང་། བོད་དོན་ཐོག་སྔར་བས་ཀྱང་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཤུགས་ཆེ་རུ་ཕྱིན་ཡོད་པ་གསུང་འདུག
དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། ཨ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཡོངས་ནང་པའི་ཡུལ་གྲུ་གསུམ་ཡོད་པ་དེ་དག་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོས་པ་ལྟར་། དམར་པོའི་རིང་ལུགས་འོག་ནང་པའི་ཆོས་དང་རིག་གཞུང་ལ་གཏོར་བཤིག་སོང་བའི་དཀའ་ངལ་གཅིག་མཚུངས་འཕྲད་ཡོད་སྟབས། བོད་མི་ཚོར་དཀའ་ངལ་ཇི་འཕྲད་ཁོང་ཚོར་ཡང་སེམས་ཚོར་ཡོད་པས་བོད་དོན་ཐོག་དེ་བས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་འདུག
གསར་འགོད་པ་འཆི་མེད།