བོད་ནང་བཙོན་དུ་ཡོད་པའི་བོད་མི་གསུམ་ལ་བློ་འཚབ།
2010.12.22
༄༅༎༢༠༠༨ལོར་བོད་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་མཁན་བོད་མི་ཚོའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་རྗེས་གྲོང་ཁྱེར་ལྷ་སའི་ནང་གི་འབྲས་སྤུངས་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་ཡོད་པ་ཚོའི་གནས་སྟངས་ག་རེ་ཆགས་ཡོད་མིན་ཐད་བོད་མི་ཚོར་བློ་འཚབ་ཆེན་པོ་ཡོང་བཞིན་ཡོད་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་ཞིག་སྤེལ་གནང་བཞག
༢༠༠༨ལོའི་ཕྱི་ཟླ་༣པའི་ནང་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཚོས་སྣེ་འཁྲིད་གནང་སྟེ་རྒྱ་ནག་གིས་བོད་ཐོག་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་གནང་རྗེས། བོད་མིའི་ཞི་རྒོལ་དེ་བོད་ས་ཡོངས་ལ་རིམ་པས་ཁྱབ་ཡོད་ལྟར། སྐབས་དེར་རྒྱ་མིས་འཛིན་བཟུང་བྱས་པའི་དགེ་འདུན་པ་གསུམ་པོ་དེ་རྣམས་ནི་དགུང་ལོ་༥༥ལ་ཕེབས་པའི་འབྲས་སྤུངས་བློ་གསལ་གླིང་དགོན་པའི་དགེ་སྐོས་འཇམ་དཔལ་དབང་ཕྱུག་ལགས་དང་དགུང་ལོ་༤༣ཡིན་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དཀོན་མཆོག་ཉི་མ་ལགས་། ཡང་དགུང་ལོ་༣༨ཡིན་པའི་འབྲས་སྤུངས་སྔགས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་ངག་དབང་ཆོས་ཉིད་ལགས་ཡིན་པ་རེད།
རྒྱ་གཞུང་གིས་དགེ་སྐོས་འཇམ་དཔལ་དབང་ཕྱུག་ལགས་སུ་ཚེ་བཙོན་གྱི་ཉེས་ཆད་བཏང་ཡོད་པ་དང༌། དཀོན་མཆོག་ཉི་མ་ལགས་སུ་ལོ་༢༠དང༌། ངག་དབང་ཆོས་ཉིད་ལགས་སུ་ལོ་༡༥རིང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མཁྱེན་རྟོག་ལ་གཞིགས་ན་གོང་ཞུས་དགེ་འདུན་པ་གསུམ་པོ་དེ་རྣམས་ནས་༢༠༠༨ལོའི་ཞི་རྒོལ་ནང་མཉམ་ཞུགས་གནང་མེད་པ་དང༌། ཁོང་གསུམ་ཐོག་ནག་ཉེས་ག་རེ་བཙུགས་ཡོད་མེད་སྐོར་སུས་ཀྱང་ཤེས་རྟོག་མེད་པ་རེད།
རྒྱ་ནག་གིས་བོད་ནང་གི་ཆབ་སྲིད་དང་ཆོས་ཕྱོགས་མི་སྣ་མང་པོ་ཞིག་ལ་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་མ་ཉེས་ཁ་གཡོག་བཙུགས་ནས་འཛིན་བཟུང་བཙོན་འཇུག་བྱེད་སྲོལ་ཡོད་པ་ལྟར། ནག་ཉེས་ཁ་གསལ་མེད་པར་༢༠༠༨ལོར་འབྲས་སྤུངས་དགོན་པའི་དགེ་འདུན་པ་གསུམ་འཛིན་བཟུང་བྱས་པ་དེ་ནི་རྒྱ་གཞུང་གི་འཛིན་སྐྱོང་དཔོན་རིགས་ཚོས་བོད་བརྒྱུད་ནང་བསྟན་ཐོག་དམ་བསྒྲགས་བྱ་རྒྱུའི་ཐབས་ལམ་ཞིག་ཡིན་པར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ངོས་འཛིན་དང་འབྲེལ་ རྒྱ་ནག་གི་འཛིན་བཟུང་དོ་དམ་འོག་ཡོད་པའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་འཇམ་དཔལ་དབང་ཕྱུག་ལགས་དང༌། དཀོན་མཆོག་ཉི་མ་ལགས། ངག་དབང་ཆོས་ཉིད་ལགས་བཅས་ཀྱི་གནས་སྟངས་ཐད་བློ་འཚབ་ཆེན་པོ་གནང་འདུག།