སུ་ལྦི་ཌེན་གྲོས་ཚོགས་ཀྱིས་ཁོར་ཡུག་སོཌ་བྱས་པ་ཅན་ལ་བྱ་དགའ།
2010.09.30
༄༅༎སུ་ལྦི་ཌེན་གྲོས་ཚོགས་ནས་ཁོར་ཡུག་དང་། ཞི་བདེ། དཔལ་འབྱོར་བཅས་ཀྱི་ལས་དོན་གཟེངས་སུ་ཐོན་པ་གནང་མཁན་ཁག་ཅིག་ལ་བྱ་དགའ་འབུལ་རྒྱུའི་གསལ་བསྒྲགས་གནང་ཡོད་འདུག
དེ་རིང་རེས་གཟའ་ཕུར་བུའི་ཉིན་སུ་ལྦི་ཌེན་གྱི་གྲོས་ཚོགས་ནས་གནང་སྲོལ་ཡོད་པའི་Right Livelihood Awardའམ་ནོ་བེལ་བྱ་དགའ་ལྟབུའི་དམིགས་བསལ་གཟེངས་རྟག་འབུལ་ཡུལ་གྱི་མཚན་གཞུང་གསལ་བསྒྲགས་གནང་ཡོད་པ་དང༌། དེའི་ཁོངས་སུ་བལ་ཡུལ་དང་། ན་ཇེ་རི་ཡ། སྦ་ར་ཛིལ་བཅས་ཀྱི་མི་རིགས་གསུམ་ཡོད་འདུག། བྱ་དགའ་དེ་བཞིན་དེ་སྔ་ཕྱི་ལོ་༡༩༨༠ལོར་སུ་ལྦི་ཌེན་དང་། འཇར་མན་གྱི་མི་རིགས་ཡིན་པ་རྒྱུ་ཆེན་ཇེ་ཀོབ་ ཨུ་ཀེལ་ཞུ་བ་ཞིག་ཡོད་པ་ཁོང་གིས་གསར་གཏོད་གནང་བ་ཞིག་ཡིན་འདུག བྱ་དགའ་འདི་བཞིན་ནོ་བེལ་ཞི་བདེ་དང་། གཞན་ཡང་ལས་དོན་གཞན་གྱི་ཐོག་གནང་སྲོལ་ཡོད་པའི་བྱ་དགའ་ལྟབུ་སྐད་གྲགས་མེད་ཀྱང་འཛམ་གླིང་གི་སྤྱི་ཚོགས་ནང་། ལས་དོན་གཟེངས་སུ་ཐོན་པ་གནང་མཁན་ཚོར་འབུལ་སྲོལ་ཡོད་པ་ཞིག་ཡིན་འདུག
ད་རེས་བྱ་དགའ་བཞེས་མཁན་ཁོངས་ནས་བལ་ཡུལ་གྱི་མི་རིགས་སྐུ་ཞབས་ཨུ་སྦ་ད་ཡ་ཞུ་བས་བལ་ཡུལ་ནང་ཉམ་ཐག་ཚོའི་དཀའ་ངལ་སེལ་ཐབས་སུ་དམིགས་ནས་ཚོགས་པ་ཆེད་བཙུགས་ཀྱིས་ད་བར་གྲོང་གསེབ་ཁག་མང་པོའི་ནང་འགྲུལ་ལམ་བཟོས་པ་དང་། སློབ་གྲྭ་བཙུགས་པ། འཐུང་ཆུའི་མཐུན་རྐྱེན་སྐྲུན་ནས་གང་ལྟར་ཉམ་ཐག་ཚོ་སོ་སོ་རང་ཉིད་ནས་རང་ཁ་རང་གསོ་བྱེད་ཐུབ་པའི་ནུས་སྟོབས་སྤེལ་བའི་ལས་དོན་མང་པོ་ཞིག་གནང་ཡོད་འདུག ཡང་སྦ་ར་ཛིལ་གྱི་ཡེ་ཤུའི་ཆོས་དཔོན་ཨིར་ཝིན་ཞུ་བས་སྐུ་ཚེ་ཧྲིལ་བུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་ཚོའི་ཐོབ་ཐང་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་གནང་བ། ན་ཇེ་རི་ཡའི་མི་རིགས་སྦ་སེ་ཞུ་བས། བཟོ་གྲ་ཆེ་ཁག་ཚོས་ཡུལ་དེའི་ནང་བཟོ་གྲ་བཙུགས་ནས་ཁེ་ཕན་ལེན་པ་ལས་ཁོར་ཡུག་ལ་དོ་སྣང་བྱེད་ཀྱི་མེད་སྟབས་དེ་དག་གི་ཐོག་འཐབ་རྩོད་བྱེད་རྒྱུ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་སྤེལ་བ། དེ་དང་ཕྱོགས་མཚུངས་ཨི་སི་རལ་ནང་གི་སྨན་པའི་མཐུན་ཚོགས་ཤིག་ནས་པེ་ལི་སི་ཀྲན་དང་ཨི་སི་རལ་གཉིས་ཀའི་མི་རིགས་དབྱེ་འབྱེད་མེད་པར་སྨན་བཅོས་ཀྱི་མཐུན་འགྱུར་སྤྲད་པ་སོགས་ཀྱི་མཛད་རྗེས་གཟེངས་རྟག་འབུལ་རྒྱུ་ཡིན་པ་དང་། གཟེངས་རྟག་འབུལ་རྒྱུའི་མཛད་སྒོ་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་སུད་དྲན་གྲོས་ཚོགས་ནང་ཡིན་པ་དང་། ཨ་སྒོར་འབུམ་གཉིས་ལྷག་ཙམ་ཡོད་པ་དེ་དག་ཁོང་རྣམས་ཆ་བགོས་བྱེད་རྒྱུ་ཡིན་འདུག