ཧི་མ་ལ་ཡའི་མངའ་ཁུལ་དུ་ས་ཡོམ་འགུལ་ཚད་ཆེན་པོ་ཞིག་རྒྱག་སྲིད་པ་ཞིབ་འཇུག་པས་སྙན་ཐོ་བཏོན་འདུག
2020.10.23
རྒྱ་གར་གྱི་ས་ཡོམ་བརྟག་དཔྱད་ཚན་པས་མ་འོངས་ཧི་མ་ལ་ཡའི་མངའ་ཁུལ་དུ་ས་ཡོམ་འགུལ་ཚད་བརྒྱད་ལས་མང་བ་ཞིག་རྒྱག་སྲིད་པའི་ཉེན་བརྡ་བཏང་འདུག
སྙན་ཐོ་འདི་ཨ་རིའི་ནེ་ཝ་དྷ་གཙུག་ལག་སློབ་གྲྭའི་ས་འོག་འགུལ་སྐྱོད་དང་ས་འོག་ཆགས་བབས་ཤེས་བྱའི་ལྟེ་གནས་ཁང་གི་སློབ་དཔོན་(Steven Wesnousky) ལགས་ཀྱིས་ཞིབ་འཇུག་གནང་པའི་གྲུབ་དོན་ཞིག་ཡིན་ཞིང་། ཁོང་གི་སྙན་ཐོ་དེའི་ནང་། ཧི་མ་ལ་ཡའི་གཞུ་གུག་ཁེལ་ཡུལ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཤར་པ་ཀིསི་ཐན་བར་ས་ཡོམ་ཧ་ཅང་ཆེན་པོ་འབྱུང་ཡུལ་གྱི་ས་གནས་ཡིན་པ་གསུངས་པ་དང་། དེ་ལྟ་བུའི་གཏོར་གཤིག་ཚབས་ཆེ་ཕོག་ཉེན་ཡོད་པའི་ས་ཡོམ་དུས་གང་ཞིག་འབྱུང་མིན་ཚོད་དཔག་མི་ཐུབ་པ་གསུངས་ཤིང་། འོན་ཀྱང་དེ་སྔོན་ཧི་མ་ལའི་རི་བོའི་ཁུལ་དུ་ས་ཡོམ་བྱུང་བའི་གནས་སྟངས་ལ་ཞིབ་འཇུག་དང་། ད་ལྟའི་ས་འོག་འགུལ་བབས་ལ་གཞིགས་ཚེ་སླར་ཡང་ཧི་མ་ལའི་ཁུལ་དུ་ཚད་མཐོའི་ས་ཡོམ་ཞིག་འབྱུང་རྒྱུ་ངེས་པ་ཡིན་པ་གསུངས་འདུག
སློབ་དཔོན་(Wesnousky) ལགས་ཀྱིས་མིས་བཟོས་རྒྱུ་སྐར་གྱི་འཕྲུལ་ལས་ཐོག་ནས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གཞུ་གུག་ཤུགས་སྣོན་གསོག་འཇོག་ལ་ཡང་བརྟག་དཔྱད་གནང་པ་གསུངས་འདུག་ལ། མིས་བཟོས་རྒྱུ་སྐར་གྱི་ལམ་ནས་ས་ཡོམ་རྒྱག་ཡུལ་གྱི་ཉེན་ཁ་ཡོད་པའི་ས་ཁུལ་ཤེས་རྟོགས་ཐུབ་པ་ལས་ག་དུས་རྒྱག་སྲིད་མིན་གྱི་དུས་ཚོད་སོགས་ཤེས་རྟོགས་མི་ཐུབ་པ་གསུངས་འདུག ཁོང་གིས་ད་དུང་། མིས་བཟོས་རྒྱུ་སྐར་གྱི་ལམ་ནས་གནས་ཚུལ་མཁོ་སྒྲུབ་ཐུབ་པར་གཞིགས་ན། ཧི་མ་ལ་ཡའི་མདུན་ཕྱོགས་ཤུགས་སྣོན་ཁེལ་ཡུལ་རྒྱ་གར་གྱི་གྲོང་ཁྱེར་ཅན་དྷི་སྒར་དང་ཌེཧ་ར་ཌུན། བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུ་བཅས་ཚུད་ཡོད་པ་གསུངས་པ་དང་། ས་ཡོམ་གྱི་ཤུགས་ཚད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལ་ཡང་འགུལ་ཤུགས་སླེབས་སྲིད་ལུགས་གསུངས་འདུག