རྒྱལ་མཚམས་མེད་པའི་གསར་འགོད་ཚོགས་པས་པེ་ཅིང་དུ་ངོ་རྒོལ།
2008.08.08
༄༅༎རྒྱལ་མཚམས་མེད་པའི་གསར་འགོད་པའི་ཚོགས་པས་ཚེས་བརྒྱད་ཀྱི་སྔ་དྲོ་པེ་ཅིང་གྲོང་ཁྱེར་ནང་རྒྱང་བསྒྲགས་ཀྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆུང་ངུ་ཞིག་སྤེལ་ཡོད་པ་ཕྱིར་བསྒྲགས་གནང་བཞག ཚོགས་པ་དེའི་ཚོགས་མི་ཚོས་དུས་ཡུན་སྐར་མ་༢༠ ཙམ་རིང་རྒྱང་བསྒྲགས་བརྒྱུད་ནས་རྒྱ་ནག་ནང་སྨྲ་བརྗོད་རང་དབང་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད། རྒྱང་བསྒྲགས་ཐོག་ནས་ངོ་རྒོལ་སྐད་འབོད་བྱེད་ཡས་དེ་ཡང་རྒྱ་སྐད་དང་དབྱིན་སྐད་ ཕེ་རན་སིའི་སྐད་རིགས་གསུམ་གྱི་ཐོག་ནས་བྱས་ཡོད་པ་དང༌། རྒྱང་བསྒྲགས་བཤད་མཁན་གྱིས་རྒྱ་ནག་གཞུང་ནས་ག་དུས་ཡིན་ནའི་གསར་འགོད་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ནས་ ད་བར་གསར་འགོད་པ་དང་དྲ་རྒྱའི་ཐོག་གི་གསར་འགོད་པ་མང་པོ་བཙོན་འཇུག་བྱེད་མུས་ཡིན་པ་དང༌། ང་ཚོས་ད་རེས་རྒྱང་བསྒྲགས་བརྒྱུད་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་ཉིན་ཐོག་མ་དེར་པེ་ཅིང་དུ་རྒྱ་ནག་གི་བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་གྱི་སྐད་སྒྲ་སྒྲོག་རྒྱུ་ཡིན་ཞེས་བརྗོད་ཡོད་པ་དང༌། ངོ་རྒོལ་གྱི་རྒྱང་བསྒྲགས་དེ་བཞིན་པེ་ཅིང་གི་ས་ཁུལ་མང་པོ་ཞིག་ནང་གོ་ཐུབ་ཀྱི་ཡོད་པ་ཕེ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་སྤེལ་བའི་གནས་ཚུལ་ནང་འཁོད་འདུག