རྒྱ་གཞུང་གི་གཡོ་ཇུས་ཀྱིས་བོད་མིའི་སྲོལ་རྒྱུན་ལམ་སྲོལ་གྱི་ཚབ་བྱེད་མི་ཐུབ།
2017.12.13
རྒྱ་ནག་གཞུང་གིས་ལོ་བཅུའི་སྔོན་བོད་ཀྱི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲིད་ཇུས་གཏེན་བེབས་བྱས་ཀྱང་དེས་བོད་མིས་བོད་ཀྱི་བླ་སྤྲུལ་རྣམས་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལམ་སྲོལ་དེའི་ཚབ་བྱེད་ཐུབ་ཐབས་མེད་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭག་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུངས་འདུག
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༧་ལོར་བཀོད་ཁྱབ་ཡིག་ཆ་ཨང་༥་ཞེས་པ་ཞིག་གསལ་བསྒྲགས་བྱས་པ་ནས་བཟུང་བོད་ནང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུས་པ་ཁག་ལ་རྒྱ་ནག་གཞུང་གིས་ཆོག་མཆན་ངེས་པར་ཐོབ་དགོས་ཀྱི་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་མིའི་ཆོས་དད་ནང་རྒྱ་ནག་གཞུང་གིས་ཐེ་བྱུས་བྱས་ནས་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་ཐབས་བྱེད་བཞིན་པ་དེ་ནི་རྒྱ་ནག་གིས་ལོ་མང་རིང་ལག་ལེན་བསྟར་བའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཡིན་པ་དང་བོད་ནང་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྤེལ་སྐབས་རྒྱ་མིས་བོད་དེས་དུས་ཅན་དུ་བསྒྱུར་ཐབས་ཀྱི་མིང་ཐོག་ནས་བོད་ཀྱི་དགོན་སྡེ་ཁག་དང་བོད་ཀྱི་ཆོས་དང་རིག་གཞུང་གི་རྗེས་ཤུལ་ཁག་གཏོར་བཤིག་བཏང་བ་དང་གྲ་བཙུན་རྣམས་སྐྱར་བབས་སུ་བཅུགས་པའམ། ཡང་ན་དགོན་པ་དང་བཙུན་དགོན་ཁག་ནས་ཕྱིར་འབུད་བཏང་བ་སོགས་བྱས་ཡོད་པ་གསལ་འདོན་གནང་འདུག་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ལ་དམ་དྲག་གི་སྲིད་ཇུས་བཙན་འགེལ་བྱས་པ་དེ་ནི་མ་འོངས་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་སྟངས་འཛིན་བྱེད་པ་བརྒྱུད། བོད་ཐོག་རྒྱ་ནག་གི་དབང་བསྒྱུར་བྱེད་བཞིན་པ་དེ་ཁྲིམས་མཐུན་བཟོ་རྒྱུའི་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་རྒྱུར་དམིགས་པ་ཞིག་ཡིན་པའི་སྐྱོན་བཙུགས་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་ནག་གི་ལོ་བཅུའི་དུས་ཡུན་གྱི་བླ་སྤྲུལ་ངོས་འཛིན་ཞུ་རྒྱུའི་སྲིད་ཇུས་དེས་བོད་མིས་བོད་ཀྱི་བླ་སྤྲུལ་རྣམས་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ལོ་སྟོང་ཕྲག་མང་པོ་ཕྱིན་པའི་ལམ་སྲོལ་དེའི་ཚབ་བྱེད་ཐུབ་ཐབས་མེད་པ་གསུངས་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།