བོད་རང་བཙན་འཐབ་རྩོད་ཀྱི་གནས་སྟངས་སྐོར་བགྲོ་གླེང་གནང་བ།
2008.05.25
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་ལོ་རྒྱུས་ནང་མུན་ནག་གི་ཉིན་མོ་ཞེས་པ་དྲན་གསོ་བྱ་རྒྱུའི་ཆེད་དུ་རེས་གཟའ་སྤེན་པའི་ཉིན་གྲོང་ཁྱེར་ནིའུ་ཡོག་ནང་བོད་རང་བཙན་གྱི་འཐབ་རྩོད་ཀྱི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་པ་རེད།
བགྲོ་གླེང་འདུ་འཛོམས་དེའི་ཐོག་གྲོང་ཁྱེར་ནིའུ་ཡོག་ནང་བཞུགས་མཁན་དེ་སྔ་བོད་ནང་རྒྱ་མིའི་བཙོན་ཁང་ནང་བཞུགས་མྱོང་མཁན་ཡིན་པ་བསྟན་འཛིན་བཟང་པོ་ལགས་ཀྱིས་རྒྱ་བོད་གཉིས་བར་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་རྒྱ་ནག་གི་དྲག་ཤུགས་དང་བཙན་གནོན་འོག་བཞག་པའི་ལོ་རྒྱུས་རགས་བསྡུས་ངོ་སྤྲོད་གནང་བ་དང་དེ་བཞིན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་ཆིངས་ཡིག་དོན་ཚན་༡༧ ཟེར་བ་ཡིག་ཆ་ནུས་མེད་ཡིན་པ་དང་བོད་མི་ཚོས་ངོས་ལེན་བྱས་མེད་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་སོགས་དེང་དུས་ཀྱི་བོད། བོད་རང་བཙན་གྱི་འཐབ་རྩོད་ཀྱི་གནས་སྟངས་ཞེས་པའི་བགྲོ་གླེང་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་། བོད་རང་བཙན་གྱི་དགོངས་གཞི་འཛིན་གནང་མཁན་འཇམ་དབྱངས་ནོར་བུ་ལགས། དེ་བཞིན་ཨ་མི་རི་ཀའི་ཧར་ཝེཌེ་གཙུག་ལག་སློབ་གྲའི་རྒྱལ་སྤྱིའི་ཁྲིམས་ལུགས་ཞིབ་འཇུག་པ་བློ་བཟང་སེང་གེ་ལགས་སོགས་ཀྱིས་བཙན་བྱོལ་བོད་གཞུང་དང་རྒྱ་ནག་བར་གྱིའབྲེལ་ལམ་གྱི་གནས་སྟངས་དང་། བཙན་བྱོལ་བོད་གཞུང་གིས་ཕྱག་ལེན་བསྟར་བཞིན་པའི་རྒྱ་བོད་གཉིས་ཕན་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། ཡང་བོད་རང་བཙན་གྱི་འདོད་ཚུལ་ཁོ་ནར་རྒྱབ་སྐྱོར། ཡང་བོད་ཀྱི་གནད་དོན་ཐོག་འཚེ་མེད་ཞི་བའི་ཐབས་ལམ་གྱི་ནུས་པ་སོགས་ཀྱི་སྐོར་སོ་སོའི་དགོངས་ཚུལ་གྱི་གཏམ་བཤད་སྤེལ་བ་མ་ཟད། བགྲོ་གླེང་དེའི་ནང་ས་གནས་བོད་མི་ལྔ་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་ཧ་ཅང་གི་ལམ་ལྷོང་བྱུང་ཡོད་པ་རེད།