༸གོང་ས་མཆོག་རྒྱ་གར་ཨ་རུ་ན་ཅཱལ་དུ་ཕེབས་རྒྱུར་དགག་བྱ་མེད།
2009.10.24
༄༅༎རྒྱ་གར་དང་རྒྱ་ནག་གི་སྲིད་བློན་གཟའ་སྤེན་པའི་ཉིན་ཐའེ་ལེན་ཌི་དུ་ཚུགས་བཞིན་པའི་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་ལྷན་ཚོགས་ཀྱི་ཚོགས་འདུའི་ཞོར་དུ་མཇལ་འཕྲད་གནང་ཡོད་ཀྱང་བར་སྐབས་ཡུལ་གྲུ་གཉིས་དབར་ཨ་རུ་ན་ཅཱལ་མངའ་སྡེའི་བདག་དབང་གི་གནད་དོན་ཐད་ཕན་ཚུན་ཁ་རྩོད་ཤུགས་ཆེ་བྱེད་རེས་བྱས་ཡོད་པ་དེའི་སྐོར་བཀའ་བསྡུར་གནང་མེད་པ་རེད་འདུག
རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་དང་རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་རྣམ་གཉིས་མཇལ་འཕྲད་མ་གནང་གོང་གཟའ་པ་སངས་ཉིན་རྒྱ་གར་གྱི་ཕྱི་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་ཡིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་རྒྱ་གར་གཞུང་ཕྱོགས་ནས་དགག་བྱ་གང་ཡང་མེད་པའི་ལངས་ཕྱོགས་སླར་ཡང་གསལ་བཏོན་གནང་འདུག ཕྱི་སྲིད་དྲུང་ཆེ་ནི་རུ་པ་མ་རའོ་ཡིས་ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆེད་དུ་བཀུར་བའི་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཅིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་དང་དེ་སྔོན་བརྗོད་ཟིན་པ་ལྟར་ཁོང་རྒྱ་གར་གྱི་ས་ཕྱོགས་གང་དུ་ཡང་རང་དབང་གི་ཐོག་ནས་ཆིབས་བསྒྱུར་བསྐྱང་ཆོག་པ་ཞིག་རེད་ཅེས་གསུངས་འདུག
ཐའེ་ལེན་ཌི་དུ་ཡུལ་གྲུ་གཉིས་ཀྱི་སྲིད་བློན་རྣམ་གཉིས་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔ་ཙམ་རིང་མཇལ་འཕྲད་གནང་སྐབས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་གིས་ང་ཚོའི་དབར་མི་མཐུན་པ་ཡོད་པའི་གནད་དོན་དེ་དག་ཡུལ་གྲུ་གཉིས་དབར་གྱི་མཉམ་མཐུན་འབྲེལ་ལམ་འཕེལ་རྒྱས་འབྱུང་བར་དོ་ཕོག་མི་གཏོང་བའི་ཆེད་ཕྱོགས་གཉིས་ཀའི་ངོས་ནས་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་བྱས་འདུག་ཅིང་ རྒྱ་ནག་གི་སྲིད་བློན་ལྦུན་ཅ་པའོ་ངོས་ནས་ཀྱང་ཡུལ་གྲུ་གཉིས་དབར་ཡིད་ཆེས་དང་གོ་ཤེས་རྒྱ་སྐྱེད་གཏོང་ཐབས་བྱ་དགོས་གལ་ཆེ་བ་ཡིན་པ་བརྗོད་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅཱལ་གྱི་ས་ཁྱོན་ཡོངས་རྫོགས་རྒྱ་ནག་གི་ཆ་ཤས་ཡིན་པ་བརྗོད་བཞིན་ཡོད་པ་དང་ས་གནས་དེར་ཉེ་ཆར་རྒྱ་གར་གྱི་སྲིད་བློན་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་དང་འབྲེལ་བའི་ཐོག་ནས་ཕེབས་སྐབས་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་ཡོད་ལ་ལྷག་པར་དུ་འདི་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེའི་ནང་གི་མོན་རྟ་དབང་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུར་རྒྱ་ནག་གཞུང་གིས་དེ་བས་སྐྱོན་བརྗོད་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། རྒྱ་ནག་གཞུང་ཕྱོགས་ནས་དགག་བྱ་སྐྱོན་བརྗོད་ཇི་སྙེད་ཅིག་བྱེད་མིན་ལ་མ་བལྟོས་པར་རྒྱ་གར་གཞུང་གིས་སོ་སོའི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་གཏོང་རྩིས་མེད་པ་ད་ཆ་གསལ་པོ་ཆགས་ཟིན་ལུགས་གནད་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།