རྒྱ་ནག་གི་ལྕགས་ལམ་འཛུགས་བསྐྲུན་གྱི་ལས་གཞིའི་འོག་ས་གནས་ཡུལ་མིའི་ས་ཞིང་མང་པོ་ཤོར་ཉེན་འདུག
2020.04.13
རྒྱ་ནག་གཞུང་གིས་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་བསྐྲུན་བྱེད་བཞིན་པར་ས་གནས་བོད་མི་གཙོས་ཡུལ་མི་ཚོའི་ས་ཞིང་མང་པོ་ཤོར་ཉེན་ཡོད་འདུག
དེ་ཡང་སྤྱི་ཟླ་བཞི་བའི་ཚེས་༡༠་ཉིན། མདོ་སྨད་རེབ་གོང་ཐུན་རིན་རྫོང་སྲིད་གཞུང་ཟེར་བས་གསལ་བསྒྲགས་ཤིག་སྤེལ་ནས། ཐུན་རིན་རྫོང་གི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ལྕགས་ལམ་འགྲིམ་འགྲུལ་གྱི་སྒྲིག་བཀོད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་ཆེད་དུ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་བསྐྲུན་པར། ཐུན་རིན་ནས་རྒན་གྱའི་བར་གྱི་འགོ་འཛུགས་ཡུལ་ནི་ཐོ་རྒྱ་གྲོང་བརྡལ་གྱི་ཁྱུང་བོ་སྡེ་བ་ནས་མཇུག་སྡུད་ཡུལ་དེ་ནི་ཀན་ལྷོ་བསང་ཆུ་རྫོང་གི་རྒན་གྱའི་བར་ཁྱོན་བསྡོམས་པས་ས་ཞིང་མུའུ་༡༣༢༠་ཡོད་པའི་སྐོར་དང་། བསྡུ་གྲབས་ས་ཆའི་ཁ་གསབ་ཀྱི་ཚད་གཞི་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅོ་ལྔ་ལོའི་ཡིག་ཆ་ཨང་༦༡་པའི་དགོངས་དོན་གཞིར་འཛིན་རྒྱུ་ཡིན་ཚུལ་བརྗོད་ཡོད་ནའང་། ༢༠༢༠ལོའི་ཟླ་༤་བའི་ཚེས་༡༠་ཉིན་ནས་བཟུང་ས་ཆ་བསྡུ་གྲབས་ཀྱི་ཁྱབ་ཁོངས་ས་ཁུལ་དེ་དག་ཏུ་འཁེལ་བའི་འཛུགས་སྐྲུན་དང་འདེབས་འཛུགས་ཀྱི་རིགས་ལ་སྒོར་གཅིག་ཀྱང་སྟེར་རྒྱུ་མིན་པའི་སྐོར་གྱི་གསལ་བསྒྲགས་བྱས་ཡོད་འདུག
སྐྱིན་ཚབ་སྤྲོད་སྟངས་ནི་རྒྱ་ནག་གི་ས་ཞིང་དོ་དམ་གྱི་ཁྲིམས་ལུགས་ཀྱི་དོན་ཚན་༤༧་པའི་ནང་དུ་ཁང་ཁྱིམ་གནས་སྤོར་ལ་འོས་འཚམས་ཀྱི་ཁ་གསབ་སྤྲོད་རྒྱུ་དང་། ཞིང་ས་ཞིག་ལ་མཚོན་ན་ལོ་སྔོན་མ་གསུམ་གྱི་ཆ་སྙོམས་ཡོངས་འབབ་ཀྱི་ལྡབ་བཞི་ནས་དྲུག་བར་སྤྲོད་དགོས་པའི་སྐོར་གྱི་གཏན་འབེབས་བྱས་ཡོད་ནའང་། དོན་དུ་རྩ་ཁྲིམས་ལ་ཁ་གསལ་མེད་པ་དང་། མི་དང་མིའི་བར་གྱི་འབྲེལ་ལམ་བརྒྱུད་པ་སོགས་བྱས་ནས་རྒྱ་ནག་ནང་ཁུལ་དུ་རྩོད་རྙོག་མང་བོ་འབྱུང་བཞིན་ཡོད་ལ། ལྷག་པར་དུ་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཆའི་བདག་དབང་ལ་ཅི་མི་སྙམ་པར་བཙན་འཕྲོག་བྱེད་བཞིན་པའི་གནས་ཚུལ་རིགས་སྔོན་མའང་བྱུང་མྱོང་ཡོད་པ་སྟེ། ཕྱི་ལོ་༢༠༡༨་ལོར། རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མདོ་སྨད་རེབ་གོང་ཁུལ་གྱི་ས་ཆའི་བདག་དབང་རྩོད་མཁན་བོད་མི་དགུ་ལ། ནག་ཅན་གྱི་ལས་འགུལ་སྤེལ་བའི་སྐྱོན་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཟླ་༤་པའི་ཚེས་ ༡༩ ་ཉིན་མཚོ་སྔོན་རྨ་ལྷོ་རང་སྐྱོང་ཁུལ་རེབ་གོང་རྗོང་མི་དམངས་ཁྲིམས་ཁང་ནས། བོད་མི་དེ་དག་ལ་ལོ་༡༠་ནས་༡༤་བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁྲིམས་ཁང་གིས་བོད་མི་དེ་དག་ལ་ཁྲིམས་འགལ་གྱི་ཚོགས་པ་གསར་འཛུགས་བྱས་པ་དང་། བཙན་ཤེད་ཀྱི་ཚོང་འབྲེལ་དང་མ་དངུལ་བཙན་འཕྲོག་བྱས་སྟེ་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཏང་བའི་ནག་ཉེས་བཙུགས་ཡོད་འདུག
གནས་ཚུལ་ལྟར་ན། གསར་བསྐྲུན་བྱེད་བཞིན་པའི་ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ནི། རྒྱལ་ཁབ་ཀྱི “གཞུང་བརྒྱད་འཕྲེད་བརྒྱད”མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་གཙོ་གྲས་ཏེ། ལན་གྲུ་ནས་ཀོང་ཀྲོའུ་བར་གྱི་ལམ་ཐིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”ཁྲོད་འགྲིམ་འགྲུལ་དབུལ་ཐར་གྱི་ལྕགས་ལམ་རྣམ་གྲངས་བཅུ་དྲུག་ཡོད་པའི་གྲས་ཀྱི་གཅིག་ཡིན། ལྕགས་ལམ་གྱི་ལམ་ཐིག་ནི་མཚོ་སྔོན་གྱི་མཚོ་ཤར་འབབ་ཚུགས་ནས་འགོ་བཟུང་སྟེ། མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་བཅས་བརྒྱུད་ནས་སི་ཁྲོན་གྱི་ཧོང་ཧྲན་ཀོན་འབབ་ཚུགས་ལ་མཐུད་རྒྱུ་ཡིན་འདུག་ལ་བོད་རིགས་ཡོད་པའི་ཞིང་ཆེན་གསུམ་དང་འབྲེལ་ཡོད་འདུག
དེ་སྔ་སྤྱི་ལོ་༢༠༡༥་ལོའི་ཟླ་༦་པའི་ཚེས་༢་ཉིན། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་གྲོང་ཁྱེར་འཛུགས་བསྐྲུན་ཆེད་གཞུང་ལམ་བཟོ་རྩིས་བྱས་པར་ས་གནས་བོད་མི་ཚོས་རང་ས་རང་གིས་སྲུང་གི་ཡིན། ས་ཆ་བཙན་འཕྲོག་བྱེད་པ་ལས་ང་ཚོ་གསོད་ཤོག་ཅེས་སྐད་འབོད་དང་། གཞུང་ལམ་གཏོད་མཁན་ཚོ་འགོག་ཐབས་ཀྱི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྤྱི་བདེ་མི་སྣ་དང་། དྲག་ཆས་ཉེན་རྟོག་པ་བཅས་མི་གྲངས་བརྒྱ་ཕྲག་བརྒལ་བ་གློ་བུར་འབྱོར་ནས་བོད་མི་ཚོ་བཙན་ཤེད་ཀྱིས་ཁ་གཏོར་བཏང་བ་དང་མཉམ་ཉུང་མཐར་བོད་མི་མི་གྲངས་༡༠་ཙམ་འཇུ་བཟུང་བཙན་ཁྲིད་བྱས་བའི་གནས་ཚུལ་བྱུང་ཡོད།