རཱ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་ཡོད་ན་ཡང་ལག་ཤེས་སྡེ་ཚན་གྱི་ངོ་བོ་ལས་བོད་སྐད་ཡིག་སྡེ་ཚན་སྒོ་ཕྱེ་མི་འདུག

2025.04.15
རཱ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་ཡོད་ན་ཡང་ལག་ཤེས་སྡེ་ཚན་གྱི་ངོ་བོ་ལས་བོད་སྐད་ཡིག་སྡེ་ཚན་སྒོ་ཕྱེ་མི་འདུག གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ ༢༠༢༤།༠༧།༡༤
X/@DEGEWA

ཕྱི་ལོ་༢༠༢༥ ལོའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་གསར་འཛུགས་མཁན་དང་སློབ་གཙོ་འཇིགས་མེད་རྒྱལ་མཚན་ལགས་ནས། རྭ་རྒྱ་ཤེས་རིག་སློབ་གླིང་གི་འབྲེལ་ཡོད་སློབ་མ་དང་ཁྱིམ་བདག་སོགས་ཀྱི་འདུས་ཚོགས་ཐོག རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་ལག་ཤེས་སྡེ་ཚན་བསྐྱར་དུ་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་སྟེ། མི་རིང་བར་ཚོགས་ཆོག་ཆོག་ལྟ་བུ་ཡིན་པས་མ་འོངས་པར་ལག་ཤེས་སྡེ་ཚན་ངོས་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཁ་པར་བཀོལ་སྤྱོད་སོགས་ཀྱི་ཐད་འབད་བརྩོན་གནང་འཆར་ཡོད་པ་བསྒྲགས་འདུག་པའི་བརྙན་ཞིག་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་མཁོ་སྤྲོད་གནང་སོང་བ་དང་། བརྙན་དེ་བཞིན་བོད་ནང་གི་སྤྱི་ཚོགས་དྲ་ལམ་དུ་ཁྱབ་སྤེལ་ཤུགས་ཆེར་འགྲོ་བཞིན་འདུག

WhatsApp Image 2025-04-15 at 19.19.06_083e3bf5.jpg
རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ནས་གསུང་བཤད་གནང་བཞིན་པ། (༢༠༢༥།༠༤།༡༥ / མགོ་ལོག་རྭ་རྒྱ།)

འཇིགས་མེད་རྒྱལ་མཚན་ལགས་ཀྱི་དེ་འབྲེལ་བརྙན་ཐུང་ནང་། ཁོང་གིས་ལག་རྩལ་ཕྱོགས་ནས་སློབ་གྲྭ་འདི་ཕྱིར་འཚོགས་ཆོག་པའི་ཡི་གེ་དང་ཆོག་མཆན་ཚང་མ་བཀོད་དེ་མྱུར་དུ་འཚོག་ཆོག་པ་བྱུང་ཡོད། དེར་བརྟེན། ང་ཚོའི་ངོས་ནས་ཀྱང་མང་ཚོགས་ཚང་མས་ཁ་པར་ཇི་ལྟར་བཀོལ་སྤྱོད་བྱེད་མིན་སློབ་ཁྲིད་དང་འབད་པ་བྱས་ཏེ། ད་ལྟ་རང་སློབ་གྲྭ་འཚོགས་ཐུབ་ཀྱི་མི་འདུག་སྟེ། སློབ་གྲྭ་འཚོགས་པའི་སྐབས་སུ། དུས་རབས་འདིའི་རྗེས་ཟིན་ཐབས་སུ་ཚང་མས་ལག་རྩལ་གྱི་ཕྱོགས་འདིར་སྦྱོང་བ་མང་ཙམ་བྱ་རྒྱུ་ནི་ངའི་རེ་བ་ཡིན། བཀའ་དྲིན་ཆེ། ཞེས་གསུངས་འདུག

དེ་འབྲེལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། སློབ་གྲྭ་དེ་སྔ་ལོ་ཕྱི་ཟླ་༧ནང་སྒོ་བརྒྱབ་པའི་གནས་ཚུལ་འདི་ཐོན་པའི་སྐབས་སུ། ང་ཚོས་བོད་གཞིས་བྱེས་གཉིས་ཙམ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱབ་སྐྱོར་སེམས་འཁུར་གནང་མཁན་མི་མང་པོར་ཐུགས་འཚབ་ཆེན་པོ་བྱུང་ཡོད་ལ། སློབ་གྲྭ་དེ་མུ་མཐུད་སྔར་རྒྱུན་བཞིན་བསྐྱར་གསོ་བྱེད་པར་རེ་བ་དང་འབོད་སྐུལ་རབ་དང་རིམ་པ་ཞུས་ཡོད་པ་རེད། དེ་རིང་བསྐྱར་དུ་སྒོ་འབྱེད་རྒྱུའི་གནས་ཚུལ་ཐོན་པ་དེ་ཡག་པོ་ཡིན་ཡང་། དེ་ལྟའི་བསྐྱར་གསོ་བྱས་པ་དེ་ལས་རིགས་དང་ལག་རྩལ་སློབ་གྲྭ་བསྐྱར་གསོ་བྱས་པ་མ་གཏོགས། བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱ་ཡུལ་སྡེ་ཚན་དེ་བསྐྱར་གསོ་ཐུབ་མི་འདུག ཅེས་དང་།

དེ་བཞིན་ཁོང་གིས་མཐུ་མཐུད། ང་ཚོས་རཱ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་གསར་འཛུགས་གནང་བའི་གངས་ལྗོངས་ཤེས་རིག་ནོར་བུ་གླིང་འདི་སྔར་རྒྱུན་བཞིན་ལག་རྩལ་གྱི་ཁྱབ་ཁོངས་ཙམ་མིན་པར་བོད་པའི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱ་ཡུལ་ཞིག་ཏུ་བསྐྱར་གསོ་ཐུབ་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། བོད་ཀྱི་རིག་གཞུང་འདི་སྤྱི་ཚོགས་དང་མི་མང་ལ་དངོས་གནས་དྲང་གནས་ཕན་ཐོགས་དང་དགོས་མཁོ་ཡོད་པ་ཞིག་ཡིན་པས། ཕྱོགས་ཡོངས་ནས་བསྐྱར་གསོ་ཐུབ་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གནས་ཚུལ་དེ་དང་འབྲེལ་བོད་ནང་གི་སྤྱི་ཚོགས་དྲ་ལམ་དང་ཤེས་ཡོན་པའི་སྡེ་ནས་དགའ་བསུ་ཤུགས་ཆེར་གནང་གི་འདུག་ལ། དེ་སྔ་རྒྱ་ནག་གི་བཙོན་དུ་ཚུད་མྱོང་བ་བོད་མི་ཤེས་ཡོན་པ་དང་རྩོམ་པ་པོ་ཞིག་གིས་བརྙན་དེ་ཁྱབ་སྤེལ་དང་འབྲེལ་གཏམ་སྙན་མོ་བོད་ཡུལ་གླིང་དགུར་ཁྱབ་ཅེས་དང་། ཡང་བོད་མི་གཞན་ཞིག་ནས་འཇིག་མེད་རྒྱལ་མཚན་ལ་འཇིག་པ་མེད་པས་ཡང་བསྐྱར་དཔའ་ཁེར་རྒྱུག་གིས་གཏམ་བཟང་གྲགས་བྱུང་དང་། དེ་མིན་བོད་མི་ཚོས་བརྙན་དེ་ཁྱབ་སྤེལ་དང་བོད་ཀྱི་སྐད་དང་ཡི་གེའི་གཟི་འོད་སྔར་བཞིན་འཕྲོད་བར་ཤོག་ཅེས་དགའ་བསུ་ཤུགས་ཆེར་བྱེད་བཞིན་འདུག 

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་སྤྱི་ལོ་༡༩༩༤ལོའི་ཟླ་༨པར་མགོ་ལོག་ཁུལ་དུ་རཱ་རྒྱ་གྲོང་བརྡལ་དུ་རྒྱ་ནག་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་དངོས་སུ་བཙུགས་ཡོད་ན་ཡང་།  ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༧ པའི་ཚེས་ ༡༤ ཉིན་འབྲེལ་ཡོད་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ། རྨ་ཆེན་རྫོང་བཅས་ཀྱི་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་སློབ་གྲྭར་ཡོང་སྟེ་ཚོགས་འདུ་བསྐོང་པ་བརྒྱུད། རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་དངོས་སུ་སྒོ་བརྒྱབ་བཅུག་ཡོད་པ་རེད་ལ། གནས་ཚུལ་དེ་དང་འབྲེལ་བོད་ཕྱི་ནང་གཉིས་ནས་བོད་ཀྱི་སྐད་ཡིག་རིག་གཞུང་གི་ལྟེ་གནས་གལ་ཆེན་པོ་དེ་མེད་པར་གྱུར་བར་བློ་ཕམ་ཤུགས་ཆེན་གནང་ཡོད་པ་རེད་ལ། ཐེངས་འདིར་སློབ་གླིང་དེ་གའི་ལག་ཤེས་སྡེ་ཚན་ལས་གཞན་པའི་བོད་ཀྱི་རིག་གཞུང་དང་བོད་སྐད་ཡིག་སྡེ་ཚན་སོགས་སྒོ་འབྱེད་ཆོག་གི་མེད་པ་རེད་འདུག །

གསར་འགོད་པ། ལོ་ཡག་བཀྲིས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎