རྒྱ་ནག་གཞུང་གིས་བོད་མདོ་སྨད་མགོ་ལོག་རྭ་རྒྱའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་སྟེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་གཉེར་བྱེད་སའི་སྒེར་གཉེར་སློབ་གྲྭ་གྲགས་ཆེ་ཤོས་ཤིག་སྒོ་བརྒྱབ་བཅུག་འདུག
བོད་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭའི་འཛིན་སྐྱོང་ཐད་ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་དང་ཐུག་འཕྲད་ཀྱིས་རྭ་རྒྱ་གྲོང་བརྡལ་དུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་གླིང་ཕྱི་ཟླ་ ༧ ཚེས་ ༡༢ ཉིན་དངོས་སུ་སྒོ་བརྒྱབ་དགོས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཅིང་། འདི་འབྲེལ་རྒྱ་ནག་གཞུང་གིས་རྟག་ཏུ་བསུན་གཙེར་བཟོ་བཞིན་པ་མ་ཟད། སྤྱི་ཟླ་ ༧ པའི་ཚེས་ ༡༤ ཉིན་འབྲེལ་ཡོད་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ། རྨ་ཆེན་རྫོང་བཅས་ཀྱི་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་སློབ་གྲྭར་ཡོང་སྟེ་ཚོགས་འདུ་བསྐོང་པ་བརྒྱུད། ཉི་མ་དེ་ནས་རྭ་རྒྱ་གྲོང་བརྡལ་དུ་ཡོད་པའི་གངས་ལྗོངས་ཤེས་རིག་ནོར་གླིང་དངོས་སུ་སྒོ་བརྒྱབ་རྒྱུའི་ཡོངས་གྲགས་གསལ་བསྒྲགས་བྱས་ཡོད་པ་རེད།
འདིའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་ཧ་ཅང་བློ་ཕམ་གྱི་རང་བཞིན་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་དང་མི་མཐུན་པའི་བྱ་སྤྱོད་ངན་པ་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སློབ་གྲྭ་འདི་ནི་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་ཐོག་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་འཛུགས་གནང་པ་ཞིག་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེང་རབས་ཀྱི་རྒྱ་ནག་གཞུང་གི་འགན་བབས་སློབ་གསོའི་སློབ་ཁྲིད་བཅས་ཆ་ཚང་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཆགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་དེར། བར་སྐབས་ནས་དགེ་བའི་བཤེས་གཉེན་ཆེན་མོ་བཛྲ་ཚུལ་ཁྲིམས་དང་ལྡོང་ཡོན་ཏན་རྒྱ་མཚོ། མང་རའི་རྒྱ་གྲོལ་སོགས་བོད་ཀྱི་ཤེས་རིག་ལ་མཁས་པ་ཕུལ་བྱུང་ཅན་མང་པོ་འཛོམས་ཡོད་པར་བརྟེན། བོད་མདོ་དབུས་ཁམས་གསུམ་གྱི་གཞོན་སྐྱེས་དང་ནང་སོག་གི་སོག་པོ་དང་རྒྱ་རིགས་བཅས་ཀྱིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་སློབ་གཉེར་གྱི་ལྟེ་གནས་སྙན་གྲགས་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད།
གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་ཐོག་མར་འཛུགས་མཁན་བོད་ཀྱི་སློབ་གསོ་བ་གྲགས་ཅན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་སྔོན་ཆད་སློབ་གྲྭའི་ལོ་རྒྱུས་ཀྱི་ནང་“སློབ་གྲྭ་འདི་ནི་ཁོང་གིས་བོད་མི་རིགས་སྤྱི་ལ་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན་པས། མ་འོངས་པར་འདིའི་བདག་པོ་ནི་བོད་མི་ཡོངས་རྫོགས་ཡིན་”ཞེས་གསུངས་ཡོད་པ་བཞིན། ད་རེས་ཁོང་གིས་སྤྱི་ཚོགས་དྲ་ལམ་དུ། སློབ་གྲྭ་འདི་ལ་“ཁྱེད་དགུང་གྲངས་སུམ་ཅུ་ཏག་ཏག་ལས་མ་བཞུགས་ན། ལོ་ན་གཞོན་ལ་སྐུ་ལུས་བཟང་སྒང་ཡིན་པས་ཅི་འདྲའི་སེམས་ཕམ་པ་ཞིག་ཡིན་མོད་”སོགས་གསུངས་མཐར།“ཚང་མས་སྐྱོ་སྐྱོ་མི་གནང་བར་རང་གི་འོས་བབས་ཕྲག་ཏུ་འཁུར་བར་ཞུ་རོགས་”ཞེས་བོད་མི་ཚོར་སྐུལ་མ་གནང་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་མ་འོད་ཟེར་ལགས་ཀྱིས། སློབ་གྲྭ་འདི་ནི་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་སྒོ་ནས་བཙུགས་པ་ཞིག་ཡིན་ཞིང་། ཞིང་ཆེན་རིམ་པ་སོགས་རྒྱ་ནག་གི་ལས་ཁུངས་རིམ་པ་མང་པོས་བསྔགས་བརྗོད་ཀྱང་བྱས་ཡོད་ནའང་། མཚོ་སྔོན་ཞིང་ཆེན་ཏང་ཝུ་ཡི་དགོངས་དོན་དང་མི་མཐུན་པར་བཤད་དེ་སྒོ་བརྒྱབ་པ་ནི། རྒྱ་ནག་གཞུང་རང་གི་རྩ་ཁྲིམས་དང་བཅའ་ཁྲིམས། རང་སྐྱོང་སྲོལ་ཡིག་དང་རྒྱལ་སྤྱིའི་ཁྲིམས་ལུགས་བཅས་གང་ཅིར་འགལ་གྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
* གནས་ཚུལ་ཁ་སྣོན།
གནས་ཚུལ་དེའི་ཐད་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་སྒྲུབ་མཚམས་བཞག་པའི་གནས་ཚུལ་གསལ་བཤད་ཞེས་ཟླ་༧པའི་ཚེས་༡༤ཉིན་། གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གསར་འཛུགས་གནང་མཁན་རྭ་རྒྱ་འཇིགས་མེད་རྒྱས་མཚན་ལགས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་། མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་སྒྲུབ་མཚམས་བཞག་པ་ནི་མི་གང་ཡང་རུང་བའི་དབང་ཆ་སྒེར་གཅོད་དང་ལས་ཁུངས་གང་རུང་གིས་ཕྱོགས་ཞེན་དང་བཙན་གནོན་བྱས་པ་མ་ཡིན་པར་རྒྱལ་ཁབ་ཀྱི་ལས་རིགས་ཆེད་ལས་སློབ་གྲྭའི་ཚད་གཞི་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆའི་དགོངས་དོན་ལྟར་སྒྲུབ་མཚམས་བཞག་པ་ཡིན་ཞེས་བ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་བྲིས་མི་འདུག ཡིན་ན་ཡང་གསལ་བསྒྲགས་དེའི་ནང་། གནས་འདི་ནས་སྒྲུབ་མཚམས་བཞག་ཀྱང་མཐོ་འབྲིང་རིམ་པའི་སློབ་མ་རྣམས་ཁུལ་ལས་རིགས་སློབ་གྲྭར་ཐད་གར་ཞུགས་ཆོག་པ་དང་། མཐོ་འབྲིང་ལ་མ་སླེབས་པའི་སློབ་མ་རྣམས་ཀྱང་ཁུལ་ལས་རིགས་སློབ་གྲྭའི་ནང་དུ་གསར་ཞུགས་བྱེད་པར་མིང་ཐོ་བཀོད་ཡོད། དེར་མ་ཟད་དགེ་ལས་རྣམས་ཀྱང་སློབ་གྲྭ་ལ་བཞག་པའི་གན་རྒྱ་ལྟར་དུ་ཁུལ་ལས་རིགས་ལས་རྩལ་སློབ་གྲྭའི་ནང་དུ་ལས་ཞུགས་བྱེད་ཆོག་པའི་འཆར་གཞི་གྲོས་འཆམ་བྱུང་ཡོད། ཞེས་བྲིས་འདུག
གངས་ལྗོངས་ཤེས་རིག་ནོར་བུའི་གླིང་སྒོ་རྒྱག་དགོས་བྱུང་བའི་གནས་ཚུལ་དང་འབྲེལ་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་སེམས་ཚབས་དང་སེམས་ཁྲལ་གྱི་རྣམ་པ་སྟོན་བཞིན་འདུག་ལ། དེའི་ཁྲོད་ཤེས་ཡོན་པའི་སྡེ་ཙམ་དུ་མ་ཟད། རོང་འབྲོག་མང་ཚོགས་ཚོས་ཀྱང་སྐད་འཕྲིན་སོགས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་དུ་དེ་རིང་བོད་ཡུལ་ལ་ཁ་བ་ནག་པོ་འབབ་སོང་ཟེར་བ་དང་། བོད་ཀྱི་སྒྲོན་མེ་ཞིག་ཟིམ་སོང་ཟེར་བ་སོགས་བློ་ཕམ་དང་འབྲེལ་རྒྱ་ནག་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་བཞིན་འདུག
སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་དུ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སློབ་ཟུར་ཞིག་གིས་དེང་གི་སྤྱི་ཚོགས་སུ་བོད་པ་མང་པོས་བོད་སྐད་གཙང་མ་བཤད་རྒྱུ་ལས་སྦྲགས་སྐད་བཤད་རྒྱུར་དགའ་གི་ཡོད་པའི་གནས་སྐབས་འདིར། རང་མི་རིགས་ཀྱི་རིག་གནས་སོགས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པའི་མ་ཡུལ་སློབ་གྲྭ་འདི་ཉིད་སྒོ་རྒྱག་དགོས་བྱུང་བ་དེར་ང་རང་སེམས་ཧ་ཅང་སྡུག་གི་འདུག་ཅེས་ངུ་འབོད་བྱེད་བཞིན་པ་མཐོང་རྒྱུ་འདུག
རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པའི་འོག་འདས་པའི་ལོ་ཤས་རིང་བོད་ཀྱི་ས་ཁུལ་གང་ས་ནས་བོད་མི་རིགས་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་སའི་སྒེར་གཉེར་སློབ་གྲྭ་མི་ཉུང་བ་གཅིག་རྗེས་གཉིས་མཐུད་དུ་སྒོ་རྒྱབ་ཡོད་ལ། དེ་བཞིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤྱི་ལོ་༢༠༢༣ལོའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་སྒེར་གཉེར་ལས་རིགས་སློབ་གྲྭའི་ལོ་འཁོར་ཞིབ་བཤེར་འཇུག་འབྲས་ཟེར་བ་ལྟར་ན། ཁུལ་དེའི་ལས་རིག་སློབ་གྲྭ་བདུན་གྱི་སློབ་གཉེར་ལག་འཁྱེར་ཕྱིར་བསྡུ་བྱེད་རྒྱུ་ཡིན་པར་བསྒྲགས་ཡོད་པ། སྤྱི་ཟླ་༥ཚེས་༣༡ཉིན་བོད་ལྗོངས་ནག་ཆུའི་གསར་ལམ་གྱིས་གནས་ཚུལ་སྤེལ་འདུག
གོང་བརྗོད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་སྤྱི་ལོ་༡༩༩༤ལོའི་ཟླ་༨པར་མགོ་ལོག་ཁུལ་རྒྱ་ནག་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་དངོས་སུ་བཙུགས་ཤིང་། རྨ་ཆེན་རྫོང་གི་མངའ་ཁོངས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་ཁུལ་དང་མཚོ་ལྷོ་ཁུལ་གཉིས་ཀྱི་འདྲེས་མཚམས། ཆོས་སྡེ་ཆེན་མོ་རྭ་རྒྱའི་དགོན་གྱི་ཉེ་འགྲམ་སྟེ། མཐོ་ཞིང་བརྗིད་པའི་ཨ་མྱེས་ཁྱུང་མགོན་ལྷུན་པོའི་འདབ་རོལ། རྨ་ཆུ་ལི་མའི་འགྲམ་དུ་བཙུགས་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་གཅིག་པུ་ཡིན། སྤྱི་ལོ་༢༠༠༡ལོའི་ཟླ་༤ཚེས་༡༤ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་ཆེད་ལས་མཐོ་འབྲིང་དུ་བསྒྱུར་ཞིང་། སྤྱི་ལོ་༢༠༠༢ལོའི་ཟླ་༦ཚེས་༢༦ཉིན་ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་འོག་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གི་དམངས་ཁྲོད་དོ་དམ་རྩ་འཛུགས་ཅུས་ཀྱིས་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ལོའི་ཟླ་༣ཚེས་༧ཉིན་རྒྱ་ནག་གི་ཆེད་ལས་སློབ་གསོ་སྡེ་ཁག་གིས་རྒྱ་ནག་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། ༢༠༠༧ལོའི་ཟླ་དང་བོར་རྒྱ་ནག་གི་སྙིང་རྗེ་ཚོགས་པས་རྒྱ་ནག་གི་སྙིང་རྗེའི་བྱ་བར་བྱས་རྗེས་འཇོག་མཁན་གྱི་བྱ་དགའི་རྟགས་མ་གནང་།
༢༠༠༥ལོའི་ཡིག་ཆ་ལྟར་ན། སློབ་གྲྭའི་ས་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་༣༣དང་དེའི་ཁྲོད་སློབ་གྲྭའི་ཁོར་ཡུག་གིས་རྨིད་གྲུ་བཞི་མ་༡༧༤༩༣༣བཟུང་ཡོད། ད་ལྟ་དབུས་གཙང་དང་། ཀན་སུའུ། སི་ཁྲོན། མཚོ་སྔོན་སོགས་ནས་ཕེབས་པའི་དགེ་རྒན་ལས་ཐོགས་པ་མི་༢༨དང་སློབ་མ་༦༡༣དེའི་ཁྲོད་དམངས་གཞིའི་ཆུ་ཚད་སྡེ་ཁག་གི་སློབ་མ་༣༣༣དང་ཆེད་ལས་མཐོ་འབྲིང་སྡེ་ཁག་གི་སློབ་མ་༢༨༠ཡོད། སློབ་མ་འདི་དག་ནི་ཞིང་ཆེན་ནང་ཁུལ་གྱི་རྨ་ལྷོ་དང་། མཚོ་ལྷོ། མགོ་ལོག མཚོ་ནུབ། མཚོ་ བྱང་། དཔའ་ལུང་། ཕེན་ཨན། དཔའ་རེས། གྲོ་ཚང་། ཙོང་ཁ་སོགས་དང་། དེ་མིན་སི་ཁྲོན་དང་། ཀན་སུ། ལྷ་ས་སོགས་བོད་རིགས་རང་སྐྱོང་ཁུལ་དགུ་དང་ལྗོངས་གཉིས། རྫོང་༣༨གཞན་ནང་སོག་དང་ནང་ལོགས་བཅས་ནས་ཡོང་བ་ཤ་སྟག་ཡིན་འདུག
༢༠༢༡ལོའི་ཡིག་ཆ་ལྟར་ན། ཐོག་དང་བོར་སློབ་གྲྭ་དེར་གསར་ཞུགས་སློབ་མ་༨༦ཙམ་ནས་འགི་བཙུགས་ཡོད་པ་དང་། ཡོངས་ཁུངས་ཡང་གཙོ་བོ་མཚོ་སྔོན་ནང་ཁུལ་ཙམ་ཡིན། དེ་ནས་༢༠༢༡ལོ་ནས་སློབ་མ་༡༠༠༠ལྷག་ཡོད་ལ། ཡོངས་ཁུངས་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ། བོད་ལྗོངས། ནང་སོག ཞིན་ཅང་སོགས་ཡིན་ལ། མི་རིགས་བོད་རྒྱ་སོག་གསུམ་ཡིན་པ་དང་། གསར་ཞུགས་སློབ་མའི་གྲངས་འབོར་ལོ་རེ་རེ་བཞིན་ཕལ་ཆེར་ཡར་འཕར་ཏེ་ཇེ་མང་དུ་སོང་ཡོད།
དགེ་རྒན་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་། སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ཚང་། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ཚང་སོགས་དགེ་རྒན་དང་ལས་བཟོ་བ་༥༨ཡོད་འདུག།
སློབ་གླིང་འདི་ནི་ཆེད་ལས་ལས་རིགས་སློབ་གྲྭ་ཡིན་པའི་རྒྱུ་མཚན་གྱིས་འཛིན་གྲྭ་དགར་སྟངས་ཡིན་ན། བོད་ཡིག་ཆེད་སྦྱོང་འཛིན་གྲྭ། དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ། གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ། གསོ་རིག་ཆེད་སྦྱོང་འཛིན་གྲྭ། བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་༧དུ་ཕྱེས་ཡོད་པ་དང་། བསླབ་བྱ་ལ་ཆེད་སྦྱོང་སོ་སོར་འཚམས་པའི་ཚད་ལྡན་གྱི་བསླབ་དེབ་དང་ཁྲིད་བྱ་བཀོད་སྒྲིག་བྱས་ཡོད། ༢༠༢༡་བར་མཐར་ཕྱིན་སློབ་མ་༢༢༥༩བྱུང་ཡོད། དེ་དག་ཁྲོད་སློབ་ཆེན་སློབ་མ་༧༤༢་དང་། ཞིབ་འཇུག་སློབ་མ་༤༠། འབུམ་རམས་པ་༣། དགེ་རྒན་༢༤༢། སློབ་གཙོ༡༣། གཞུང་ཞབས་པ་༡༠༢། སྨན་པ་༨༣བཅས་བྱུང་ཡོད་འདུག
གསར་འགོད་པ། བློ་བྷེ། བསོད་ནམས་ལྷ་མོ། ཀླུ་འབུམ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།