རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་སྐོར།
2008.05.30
༄༅༎རྒྱ་ནག་གཞུང་གིས་ཡུལ་དེའི་ནང་བཙོན་པ་ཚོར་སྡུག་སྦྱོར་མནར་གཅོད་དང་ སྲོག་ཐོག་གི་ཉེས་ཆད་བཏང་བ་ མི་མང་གི་སྨྲ་བརྗོད་དང་འདུ་འཛོམས་བྱེད་པའི་རང་དབང་ཐོག་དམ་བསྒྲགས་ གྲངས་ཉུང་མི་རིགས་ཚོའི་ཐོག་དྲག་གནོན་སོགས་བྱེད་བཞིན་པའི་ཁར་ དམིགས་བསལ་བོད་ནང་ཆོས་དད་དང་ སྤྱི་དམངས་རང་དབང་ ཚོགས་པ་སྐྱིད་འཛུགས་རྒྱུའི་ཐད་དམ་བསྒྲགས་ཆེན་པོ་བྱེད་བཞིན་པ་མ་ཟད་ བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸གོང་ས་ཏཱ་ལའི་བླ་མར་རྒྱབ་སྐྱོར་ཡོད་པའི་བསམ་ཚུལ་འདོན་མཁན་ཚོར་ཆེས་གདུག་རྩུབ་ཆེ་བའི་ཉེས་པ་གཏོང་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་ རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་འགན་འཛིན་ལྕམ་ཨའེ་རིན་ཁའན་གྱིས་གསུངས་འདུག དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ལོ་ལྟར་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལེགས་ཉེས་ཇི་འདྲ་ཡོད་མིན་སྐོར་སྙན་ཐོ་རྒྱས་པ་ཞིག་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར་ ལོ་འདིའི་སྙན་ཐོ་དེ་འདི་ཚེས་ ༢༨ ཉིན་འདོན་སྤེལ་གནང་བའི་མཛད་སྒོའི་ཐོག་གསུང་བཤད་གནང་སྐབས་ ལྕམ་ཨའེ་རིན་ཁའན་གྱིས་ རྒྱ་ནག་གཞུང་གིས་ཡུལ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་ཙམ་མ་ཟད་ འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གྱི་ཨཕཱ་རི་ཀའི་རྒྱལ་ཁབ་སུའུ་ཌའན་དང་ རྫིམ་སྦ་ཝེ་ དེ་བཞིན་ཨེ་ཤི་ཡའི་རྒྱལ་ཁབ་འབར་མ་དང་ བྱང་ཀོ་རི་ཡ་བཅས་པའི་མཉམ་དུའང་ངན་པ་ལག་འབྱེལ་བྱེད་བཞིན་པར་སོང་ རྒྱ་ནག་གཞུང་གི་ལངས་ཕྱོགས་དེར་འགྱུར་བ་གཏོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཡུལ་དེའི་ཐོག་ད་ལྟ་ཙམ་མ་ཟད་ འདི་ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྗེས་སུའང་མུ་མཐུད་གནོན་ཤུགས་སྤྲོད་དགོས་པ་གལ་འགངས་ཆེན་པོ་ཡིན་སྐོར་དང་ རྒྱ་ནག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆེ་ཐོངས་ཐོབ་དགོས་ན་ ཡུལ་དེ་ནས་རྒྱལ་སྤྱི་རྒྱལ་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་ལེན་མ་ཞུས་པར་དེ་མུར་སྡོད་ཐབས་བྲལ་བ་རེད་ཅེས་གསུངས་འདུག