ཇོན་ཁེ་རི་ཨ་རིའི་ཕྱི་སྲིད་དྲུང་ཆེར་མིང་འདོན་གནང་བ།
2012.12.22
༄༅༎ཨ་རིའི་སྲིད་འཛིན་ཨོ་སྦག་མ་མཆོག་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐད་གྲགས་ཅན་ཇོན་ཁེ་རི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་མིང་འདོན་གནང་འདུག
ཕྱི་ཚེས་༢༡་ཉིན་ཨ་རིའི་སྲིད་འཛིན་ཨོ་སྦག་མས་ཡོངས་གྲགས་གཏམ་བཤད་གནང་སྟེ། ཇོན་ཁེ་རི ཨ་རིའི་ཕྱི་སྲིད་དྲུང་ཆེ་ལ་མིང་འདོན་གནང་བ་དང་སྦྲགས། ཁོང་ནི་ཨ་རིའི་གནས་བ་སྤྱི་དང་། ལྷག་པར་ཕྱི་སྲིད་ཀྱི་ཐོག་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་སྐོར་བསྔགས་བརྗོད་ཤུགས་ཆེར་གནང་འདུག
ཇོན་ཁེ་རི་ནི་ད་ལྟ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་གཙོ། ཨ་རིའི་མངའ་སྡེ་མེ་སི་ཆུ་སི་གི་སེན་ནེ་ཊར་བཅས་ཡིན་ལ། དེ་སྔོན་ཨ་རིའི་སྲིད་འཛིན་འོས་མི་ལ་ཡང་ལངས་མྱོང་ཡོད་པ་དང་། དེ་སྔོན་ཝད་ནམ་དམག་འཁྲུག་ནང་དུ་ཡང་ཞུགས་མྱོང་ཡོད་འདུག
གང་ལྟར་ཨ་རིའི་སེན་ནེ་ཊར་བརྒྱ་ཡོད་པ་ནི་ཨ་རིའི་རྒྱལ་ཁབ་ཀྱི་ཀ་བ་ལྟ་བུ་ཡིན་ལ། དེ་དག་ནང་ནས་ཀྱང་དབང་ཚད་དང་ཤུགས་རྐྱེན་ཆེན་པོ་ཡོད་མཁན་ཉུང་ཤས་ནང་གི་གཅིག་ཡིན་པ་དང༌། བོད་པའི་ངོས་ནས་བཤད་ན་ཡང་། བོད་ལ་ཐུགས་རྒྱུས་དང་དོ་སྣང་ཆེན་པོ་ཡོད་པ་མ་ཟད། ༸གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་བཅས་ལ་ཐེངས་མང་ཐུགས་འཕྲད་གནང་བ་དང་། ཟླ་ཤས་སྔོན་ཁོང་གིས་ཐུགས་ཁུར་བཞེས་ནས། བཀའ་ཟུར་རྒྱ་རི་རིན་པོ་ཆེ་ལ་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆེ་བསྟོད་ཀྱི་གྲོས་ཆོད་གཅིག་ཀྱང་བཞག་ཡོད་པ་རེད།།