ཨ་རིས་བོད་མིའི་ཆོས་དད་རང་དབང་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་ཡིན་ཟེར།
2020.05.14
ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་དམིགས་ཡུལ་ཁག་གོང་འཕེལ་གཏོང་ཐབས་དང་བོད་མིའི་ཆོས་དད་རང་དབང་ཐེ་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་རྒྱུ་ཡིན་པ་གསུང་འདུག
ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་ཡོང་མིན་གྱི་གནས་ཚུལ་ཐད། ད་ལྟའི་ཆར་གནས་ཚུལ་གསར་པ་གང་ཡང་བརྗོད་གནང་རྒྱུ་མེད་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང། འདི་ཟླའི་ཚེས་༡༢་ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་བོད་ཀྱི་གནད་དོན་ཐད་འབྲེལ་མཐུད་པ་བསྐོ་བཞག་གནང་དགོས་པའི་འབོད་སྐུལ་ཡང་བསྐྱར་གནང་བ་དང་འབྲེལ་ནས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ། དེའི་ཐད་ཡིག་ཐོག་ནས་གནས་འདྲི་ཞུས་པའི་བཀའ་ལན་དུ། ད་ལྟའི་ཆར་གནད་དོན་དེའི་སྐོར་ལ་གནས་ཚུལ་གསར་པ་གང་ཡང་བརྗོད་གནང་རྒྱུ་མེད།
ཡིན་ནའང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ཀྱི་སྲིད་ཇུས་ཁྲིམས་གཞི་གཏན་འབེབས་གནང་བའི་དམིགས་ཡུལ་ཁག་གོང་འཕེལ་གཏོང་ཐབས་མུ་མཐུད་ནས་གནང་བཞིན་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། བོད་ཀྱི་སྐད་ཡིག དེ་བཞིན་བོད་མིའི་ཆོས་དད་རང་དབང་ཐེ་བའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་གཏོང་ཐབས་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་ནག་གཞུང་གཉིས་བར་དོན་ཕན་ལྡན་པའི་འབྲེལ་མོལ་བསྐྱར་གསོ་ཡོང་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་སྐོར་ལན་འདེབས་གནང་ཡོད་པ་རེད།
ཨ་རི་གཞུང་གིས་བོད་ཀྱི་གནད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་དགོས་པ་དེ་ནི་ཕྱི་ལོ་༢༠༠༢་ལོའི་བོད་དོན་སྲིད་ཇུས་གཏན་འབེབས་གནང་བའི་ནང་འགན་ལེན་གནང་ཡོད་རུང་། ས་མིག་དེ་ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ནས་སྟོང་པར་ལྷག་ཡོད་པ་དང་། དེ་སྔོན་གྱི་བོད་དོན་འབྲེལ་མཐུད་པ་རྣམས་ཀྱིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་གི་གནད་དོན་གླེང་སློང་གནང་རྒྱུར་ཐུགས་ཁུར་ཆེ་བཞེས་གནང་ཡོད་པ་རེད། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་(Gary Baur)་ལགས་ཀྱིས། བོད་མིའི་ཆོས་དད་རང་དབང་ལ་ཉེན་ཁ་ཡོད་པ་དེར་གདོང་ལེན་གནང་ཕྱིར། བོད་ཀྱི་སྲིད་ཇུས་གཏན་འབེབས་གནང་བའི་ལག་ཆ་བེད་སྤྱོད་གནང་སྟེ། བོད་དོན་འབྲེལ་མཐུད་པ་ཞིག་ངེས་པར་དུ་བསྐོ་བཞག་གནང་དགོས་སྐོར་གསུངས་པ་དང་། ལྷན་ཚོགས་དེའི་ཚོགས་གཙོ་ཟུར་པ་དང་ལས་དོན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། རྒྱ་མིའི་དཔོན་རིགས་ཚོས་བོད་ནང་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་གཞི་གསར་པ་ལག་བསྟར་བྱས་ནས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཐེ་ཇུས་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་ལ་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་པ། དེང་དུས་ཅན་གྱི་སོ་ཉུལ་འཕྲུལ་ཆས་བཙུགས་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་གཏོང་བཞིན་པའི་སྐབས་འདིར་བོད་དོན་ཐད་ཨ་རིས་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་གསུང་འདུག