འཚེ་མེད་ཞི་བ་དང་དྲང་བདེན་སྐྱོང་མཁན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་སྐུ་གྲོངས་པར་ཐུགས་གསོ་མཛད།
2020.07.21
འདི་ཚེས་༡༩་ཉིན། བོད་ཀྱི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཉེ་ལམ་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་ལེ་ཝི་སི་(John Lewis)་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུངས་འཕྲིན་ནང་། ཡིད་སྐྱོའི་གནས་ཚུལ་དེ་གསན་རྗེས་ཐུགས་ཕམ་བྱུང་བ་དང་། ཁོང་ནི་ཨ་རིའི་སྤྱི་དམངས་ཐོབ་ཐང་ལས་འགུལ་བའི་སྣེ་ཁྲིད་པ་ཙམ་དུ་མ་ཟད། ཁོང་གི་འཚེ་མེད་ཞི་བ་དང་དྲང་བདེན་གྱི་བྱས་རྗེས་དེས་འཛམ་གླིང་ཐོག་མི་མང་གི་སེམས་ལ་སྐུལ་མ་ཐེབས་ཡོད་ལ་འཛམ་གླིང་སྤྱི་ལ་བཟང་པའི་མིག་དཔེ་ཞིག་ཡིན་ཅེས་དང་། སྐུ་ཞབས་(John Lewis)་ལགས་ཀྱི་རང་དབང་དང་། འདྲ་མཉམ། དྲང་བདེན་བཅས་གཞི་རྩའི་དམངས་གཙོའི་རིན་ཐང་གི་བཞེངས་ཕྱོགས་ལ་ཕྱོགས་ཡོངས་ནས་ཡིད་རངས་བསྔགས་བརྗོད་ཞུ་བཞིན་ཡོད་ལ། དམ་པ་ཁོང་གི་ལོ་མང་རིང་སྤྱི་ཚོགས་ཞབས་ཞུའི་མཛད་རྗེས་ལ་བརྟེན་ནས་སྤྱི་ཚོགས་ནང་མི་མང་པོར་སེམས་འགུལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད། སྤྱིར་དམ་པ་ཁོང་སྐུ་ཚེའི་འཕེན་པ་རྫོགས་ཀྱང་། ཁོང་གི་མཛད་རྗེས་ལས་ཨ་རི་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་སུ་སྤྱི་ཚོགས་ཞབས་ཞུའི་བག་ཆགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་སོགས་གསུང་འཕྲིན་བཀོད་འདུག
དེ་བཞིན་འདི་ཚེས་༡༩་དང་༢༠་སོ་སོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་དང་། སྲིད་སྐྱོང་བློ་བཟང་སེང་གེ་ལགས་རྣམ་གཉིས་ཀྱིས་ཀྱང་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ། དམ་པ་ཁོང་སྐུ་གྲོངས་བར་ཐུགས་གསོ་གནས་འདུག
ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(John Lewis)་ཟླ་འདིའི་ཚེས་༡༧ ཉིན་འབྲས་ནད་ཀྱི་སྙུང་གཞིའི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་པ་རེད། དམ་པ་ཁོང་ནི་དུས་རབས་སྔོན་མའི་ལོ་རབས་༦༠ ནང་། ཨ་རིའི་ཨ་ལཱ་བྷ་མ་(Alabama)་མངའ་སྡེའི་ནང་། མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་ལས་འགུལ་གྱི་སྣེ་ཁྲིད་མཁན་ཀྱི་གྲས་ཡིན་པ་མ་ཟད། ཨ་རི་རྒྱལ་ཡོངས་སུ་སྤྱི་དམངས་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སྣེ་ཁྲིད་གནང་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན་པ་རེད།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇོན་ལེ་ཝི་སི་(John Lewis)་དམ་པ་ཁོང་། སྤྱི་ལོ་༡༩༤༠་ལོའི་སྤྱི་ཟླ་༢་པའི་ཚེས་༢༡་ཉིན་ཨ་རིའི་ཨ་ལ་བྷ་མཱ་མངའ་སྡེ་རུ་སྐུ་འཁྲུངས་ནས་ཞིང་པའི་ཁྱིམ་རྒྱུད་ཅིག་ནས་གཉོམ་ལག་རྒྱས། ཁོང་ཆུང་དུས་ནས་དེ་གའི་སློབ་གྲྭར་འགྲིམ་བཞིན་པའི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྣ་ཚོགས་དང་། ལྷག་པར་དུ་ཁོང་གིས་རླུང་འཕྲིན་བརྒྱུད་ནས་ཨ་རིའི་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་མཁན་གྲགས་ཅན་མཱར་ཐེན་ལོའུ་དྷིར་ཁེན་མཆོག་གི་གསུང་བཤད་ལས་བློ་སྐྱེད་ཐོབ་ནས། གལ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་དག་ལ་རང་ཉིད་ཀྱང་མཉམ་ཞུགས་གནང་རྒྱུའི་ཐུགས་ཐག་བཅད་པ་ནས་བཟུང་། ཁོང་ནི་ནམ་རྒྱུན་ཨ་རིའི་སྤྱི་ཚོགས་ཡར་ཐོན་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་པའི་སྣེ་ཤན་པ་ཞིག་ཏུ་གྱུར།
ཁོང་ཧྥེ་སི་ཁུ་གཙུག་ལག་སློབ་ཆེན་(Fisk University)་གྱི་སློབ་མ་ཡིན་པའི་སྐབས་སུ། ཡུལ་དེའི་ཟ་ཁང་ཁག་གི་གུང་ཟས་སྐབས་ཀྱི་ངག་བཅད་ལས་འགུལ་ནང་ཞུགས་ཤིང་། སྤྱི་ལོ་༡༩༦༡་ལོར་རང་དབང་གི་འཁོར་སྐྱོད་ཅེས་པའི་ལས་འགུལ་ནང་དུ་ཞུགས་ནས་མངའ་སྡེ་དེའི་ལྷོ་ཕྱོགས་ཁུལ་གྱི་སྤྱི་སྤྱོད་རླངས་འཁོར་དུ་མི་རིགས་དཀར་ནག་གི་སྡོད་གནས་ལ་དབྱེ་འབྱེད་བྱེད་པར་ངོ་རྒོལ་གྱིས་རང་སྲོག་ལ་མ་འཛེམས་པར་ཆེད་དུ་མི་དཀར་པོ་སྡོད་གནས་ཀྱི་རྐུབ་སྟེགས་སུ་བསྡད་པ་སོགས་ཀྱི་ལས་འགུལ་སྤེལ་ནས་མི་མང་གི་རྡུང་རྡེག་དང་ཉེན་རྟོག་པའི་འཛིན་བཟུང་སོགས་ཀྱི་མནར་གཅོད་ཐེངས་མང་མྱངས་ནའང་། ཁོང་གིས་སློབ་མའི་སྐབས་སུ་ཐུགས་སྤོབས་ཞུམ་མེད་ཀྱིས་འཚེ་མེད་ཞི་བའི་སློབ་མའི་ལས་འགུལ་ལྷན་ཚོགས་ཀྱི་དབུ་ཁྲིད་ཀྱི་འགན་བཞེས་ཏེ་ལས་འགུལ་མང་པོ་སྤེལ།
དེ་ལྟར་ཁོང་གཞོན་ནུའི་སྐབས་སམ་སྤྱི་ལོ༡༩༦༣་ལོར་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་དབུ་ཁྲིད་གྲགས་ཅན་དྲུག་གི་ཡ་གྱལ་གྱི་མཚན་སྙན་ཐོབ། ལོ་དེའི་སྤྱི་ཟླ་བརྒྱད་པའི་ནང་དུ། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བསྐངས་པའི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་འཆར་འགོད་པ་དང་གསུང་བཤད་གནང་མཁན་གཙོ་བོར་གྱུར།
ཁོང་གི་སྣེ་ཁྲིད་འོག་ཏུ་མི་རིགས་ཀྱི་ཐོབ་ཐང་དང་འོས་འདེམས་ཀྱི་ཐོབ་ཐང་སོགས་ཀྱི་ལས་འགུལ་ཐེངས་མང་སྤེལ་བའི་བརྒྱུད་རིམ་ཁྲོད་དུ། ཁྲག་གི་རེས་གཟའ་ཉི་མ་ཟེར་བ་སོགས་ཁྲག་དྲི་བྲོ་བའི་དྲག་གནོན་གྱི་མནར་གཅོད་མྱངས་ཤིང་། རང་ཉིད་སྔ་རྗེས་སུ་འཛིན་བཟུང་ཐེངས་བཞི་ཅུ་ལ་བྱས་ནའང་། ཁོང་གིས་མི་མང་གིས་འཚེ་མེད་ཞི་བའི་ལས་འགུལ་རྒྱུན་འཁྱོངས་བྱ་རྒྱུར་སྣེ་ཁྲིད་དེ་འབད་བརྩོན་ལྷུར་ལེན་མཛད་མཐར། གྲངས་ཉུང་མི་རིགས་ཀྱི་འདེམས་ཤོག་འཕེན་མཁན་ས་ཡ་བཞི་ལྷག་མང་དུ་འཕར་ནས་རྒྱལ་ཁབ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་ལྡོག་གསར་པ་ཞིག་ཐེབས་སུ་བཅུག
དེ་ནས་རིམ་བཞིན་༡༩༧༧་ལོར་སྐབས་དེའི་སྲིད་འཛིན་ལྗེ་མེ་ཁ་ཐིར་(Jimmy Carter)་གྱིས་མི་སྣ་ཉིས་འབུམ་ལྔ་ཁྲི་ལྷག་གིས་གྲུབ་པའི་མཉམ་འབྲེལ་ཞབས་ཞུ་ཚོགས་པའི་སློབ་སྟོན་པར་བསྐོས་ཤིང་། སྤྱི་ལོ་༡༩༨༡་ལོར་ཨལ་ཐི་ལཱན་ཐ་གྲོས་ཚོགས་ཀྱི་ཚོགས་མི་དང་། སྤྱི་ལོ་༡༩༨༦་ལོར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་སོགས་ཀྱི་ཕྱག་ལས་གནང་།
ཁོང་ལ་གཙུག་ལག་སློབ་ཆེན་ཁག་ལྔ་བཅུ་ལྷག་དང་ཨ་རིའི་ཆེས་བསྟོད་ཀྱི་གཟེངས་རྟགས་གང་མང་ཐོབ་མྱོང་མཁན་གྱི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ལ། མདོར་ན། སྤྱི་ལོ་༡༩༨༧་ལོ་ནས་འདས་གྲོངས་སུ་མ་ཕྱིན་པའི་བར། ལོ་ངོ་༣༠་ལྷག་རིང་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་གནང་ཡོད་ལ། དེའི་རིང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་ཐེངས་མང་མཇལ་འཕྲད་གནང་མྱོང་ཡོད་པ་དང་། བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།