ཚེ་བཙོན་གྱི་ཉེས་ཆད་ཕོག་པའི་བོད་མི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་རྗ་དྲག་ཡོད་འདུག
འདི་ག་རླུང་འཕྲིན་ཁང་ནས་དེ་སྔོན་༢༠༡༠ལོར་གནས་ཚུལ་བཀོད་སྤེལ་བྱས་པ་བཞིན་བོད་རིགས་ཕྱུག་བདག་རྡོ་རྗེ་བཀྲིས་ལགས་ནི། ལྷ་ས་གྲོང་ཁྱེར་གྱི་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་ཞིང་ ༢༠༠༨ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་རྒྱ་ནག་གཞུང་ནས་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་མི་ཞི་རྒོལ་བ་ཚོར་རྒྱབ་སྐྱོར་བྱས་ལུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མ་དངུལ་གྱི་ཞལ་འདེབས་སྤྲད་ལུགས་ཀྱི་དོག་གཞིའི་འོག་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད། ༢༠༡༠ལོའི་ཕྱི་ཟླ་༦པའི་ཚེས་༢༦ཉིན་ལྷ་ས་མི་མང་འབྲིང་རིམ་ཁྲིམས་ཁང་ནས་གསང་བའི་ཁྲིམས་བཤེར་བྱས་པའི་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ལ་དངུལ་བུན་སྔ་གཡར་དང་འབྲེལ་བའི་ངན་བྱུས་བཤམ་པའི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་བཅད་བཏང་ཡོད་པ་སྐབས་དེ་དུས་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་སྲིད་ཞུས་ཡོད།
དེ་རིང་ཕྱི་ཟླ་༨པའི་ཚེས་༧ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷན་ཁང་གི་ཁྱབ་ཁོངས་རྒྱལ་ཚོགས་དང་ཡུ་རོཔ་མཐུན་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། བཙོན་ཁང་ནང་རྒྱུན་རིང་མནར་གཅོད་དང་ཉེས་རྡུང་གི་རྐྱེན་པས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ལུས་པོར་སྨུག་ཐིགས་དང་ཁོང་ལ་སྙིང་ནད་དང་དེ་མིན་ཚབས་ཆེའི་ནད་གཞི་གཞན་ཡོད་པའི་རྐྱེན་གྱིས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྡུག་པོ་ཡོད་པ་གསལ་འདུག གནས་ཚུལ་ནང་གསལ་བར། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མི་དང་ཁྲིམས་རྩོད་པས་ཁོང་གི་ཁྲིམས་བཅད་ལ་ཞུ་གཏུགས་ལན་མང་བྱས་ཀྱང་ཁྲིམས་ཁང་ནས་ངོས་ལེན་གང་ཡང་མེད་པར་ལུས་པའི་ཁར། སྔ་རྗེས་བར་བཙོན་ཁང་ནང་ཁོང་ཐུག་འཕྲད་ཙམ་དུ་བསྐྱོད་རྒྱུའི་བཀའ་ཁྲོལ་ཡང་སྤྲད་མེད་པ་རེད་འདུག རྡོ་རྗེ་བཀྲ་ཤིས་ལགས་ནི་༢༠༠༣ནས་བཟུང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་པ་དང་བོད་ཁུལ་བོད་རིགས་ཕྱུག་བདག་ཆེ་ཤོས་ཞིག་དང་ཁོང་གི་མིང་སྦྱང་འོག་ཚོང་དོན་ཁེ་ལས་༡༠གྲངས་ལྷག་ཡོད་འདུག་ལ་བར་སྐབས་ཞིག་རྒྱ་ནག་གཞུང་ནས་ཁོང་བོད་ཁུལ་འཇོན་ཐང་ཅན་གྱི་གཞོན་སྐྱེས་བཅུའི་གྲས་སུ་ངོས་འཛིན་གསལ་བསྒྲགས་ཡང་བྱས་ཡོད་པ་རེད། ༢༠༠༨ལོར་ཁོང་དོ་དམ་འཛིན་བཟུང་བྱས་པའི་རྗེས་འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་རྒྱང་སྲིང་ཞུས་པ་བཞིན་རྒྱ་ནག་གཞུང་ནས་ལྷ་ས་དང་གཞིས་ཀ་རྩེར་ཡོད་པའི་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་བདག་གཉེར་གནང་བའི་མགྲོན་ཁང་གཙོས་པའི་ཚོང་དོན་ཁེ་ལས་ཡོངས་རྗོགས་གཞུང་བཞེས་བཏང་ཡོད་པ་རེད།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།