རྒྱ་ནག་གཞུང་གིས་བོད་ནང་གི་མཐོ་རིམ་སློབ་མ་ཚོ་དམག་ཁོངས་སུ་འཛུལ་ཞུགས་ཡོང་བའི་སྐུལ་སློང་།

རྒྱ་ནག་གཞུང་གིས་ཁ་པར་འཕྲིན་ཐུང་བརྒྱུད་བོད་ནང་གི་མཐོ་རིམ་སློབ་མ་ཚོ་དམག་ཁོངས་སུ་འཛུལ་ཞུགས་ཡོང་བའི་སྐུལ་སློང་བྱེད་བཞིན་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དུ་ཁ་པར་འཕྲིན་ཐུང་བརྒྱུད་ནས་མཐོ་རིམ་སློབ་མ་སོ་སོར་དམག་ཁོངས་སུ་འཛུལ་ཞུགས་ཡོང་བའི་སྐུལ་སློང་ཡིག་འབྲེལ་བྱས་ཡོད་པ་དང་། འཕྲིན་ཐུང་ནང་། རང་ལོ་༡༨་ནས་༢༢་བར་གྱི་མཐོ་རིམ་སློབ་མ་ཚོ་དམག་ཁོངས་སུ་ཞུགས་པ་ཡིན་ན། མཐོ་སློབ་ཀྱི་སློབ་ཡོན་ཆ་ཚང་གཞུང་ཕྱོགས་ནས་ཁ་གསབ་བྱེད་རྒྱུ་ཡིན་པ་མ་ཟད། མཐོ་སློབ་ཁག་ཏུ་སྔ་ས་ནས་སློབ་འཇུག་ཟིན་པ་རྣམས་རྗེས་སུ་དམག་མིའི་དུས་ཡུན་ཚང་བའི་རྗེས་རང་སོར་འཇོག་རྒྱུ་ཡིན་པ་སོགས་བསྒྲགས་ནས་སྐུལ་སློང་དང་། དམག་མིར་ཞུགས་འདོད་ཡོད་རིགས་རྣམས་༢༠༢༡་ལོའི་སྤྱི་ཟླ་༨་པའི་ཚེས་༡༥་འགྱངས་མེད་ཐོ་འགོད་བྱེད་དགོས་བ་དང་། ཡང་དེ་སྔ་གཞུང་གིས་སློབ་ཡོན་སྤྲད་ཟིན་པའི་མཐོ་རིམ་སློབ་མ་རྣམས་ལོ་༢་རིང་ངེས་པར་དུ་དམག་མིར་ཞུགས་དགོས་པ་འཁོད་འདུག
དེའི་ཐད་བོད་ནང་གནས་སྡོད་མཐོ་རིམ་སློབ་མ་ཞིག་གིས། སྤྱིར་སློབ་གྲྭ་ཁག་ཏུ་དམག་སྦྱོང་སྔ་མོ་ནས་བྱེད་ཀྱི་ཡོད་ཀྱང་། ད་རེས་སྲིད་གཞུང་གིས་སྔར་དང་མི་འདྲ་བར་མཐོ་རིམ་སློབ་མ་སྒེར་སོ་སོར་གཞུང་ཕྱོགས་ནས་དམག་མིར་བསྡུ་རུབ་བྱེད་ཕྱོགས་དང་འབྲེལ་བའི་འཕྲིན་ཐུང་བསྐུར་ནས་སྐུལ་སློང་བྱས་བ་ཐོག་མ་ཡིན་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་ངོ་སྤྲོད་གནང་བྱུང་།
གནས་ཚུལ་དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་བོད་ནང་དུ་དམག་མི་བསྡུ་རུབ་ཀྱིས་དམག་དོན་ལས་འགུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི། ༢༠༢༠་ལོ་ནས་བཟུང་འཕགས་བོད་ས་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མིའི་བར་གདོང་ཐུག་རབ་དང་རིམ་པ་བྱུང་བའི་ཁྲོད། རྒྱ་ནག་ལ་ཕྱོགས་ཡོངས་ནས་ཕམ་ཁ་ཆེན་པོ་བྱུང་ཡོད་པ་དེ་རྒྱ་ནག་གཞུང་གི་ངོས་ལེན་བྱེད་ཀྱི་མེད་ཀྱང་། རྒྱ་ནག་ནང་དུ་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་ཕམ་ཁ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པར་བརྟེན། དེ་དག་ལ་གདོང་ལེན་ཡོང་བར་གཙོ་བོ་ས་མཐོར་གོམས་འདྲིས་ཆེ་བའི་བོད་རིགས་དམག་མི་ཟེར་བའི་དམག་དཔུང་ནུས་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
སྤྱིར་རྒྱ་ནག་ནས་རྒྱ་མི་ཚོ་བོད་མཐོ་སྒང་དུ་འབྱོར་བའི་སྐབས། མཐོ་སྒང་ཁ་དབུགས་མ་འཕྲོད་པའི་(Altitude sickness) དཀའ་ངལ་འཕྲད་ཀྱི་ཡོད་པ་ཡོངས་གྲགས་ཡིན་ཞིང་། ཉེ་སྔོན་སྤྱི་ཟླ་༨་པའི་ཚེས་༤་ཉིན་རྒྱ་ནག་གོ་ལའི་དུས་བབ་ཀྱིས་གནས་ཚུལ་སྤེལ་བའི་ནང་། བོད་མཚོ་སྔོན་ཁུལ་དུ་རྒྱ་ནག་གཞུང་གིས་ས་མཐོར་འཚོ་གནས་ཐུབ་མིན་གྱི་རིགས་རྫས་བརྟག་དཔྱད་བྱེད་སའི་ལྟེ་གནས་ཤིག་བསྐྲུན་བཞིན་ཡོད་པ་བསྒྲགས་འདུག་པ་དང་། དེ་ནི་འཛམ་གླིང་གི་མཐོ་སྒང་ལ་རིགས་རྫས་བརྟག་དཔྱད་བྱེད་ས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་བརྗོད་འདུག་པ་མ་ཟད། འབྱུང་འགྱུར་ལོ་༡༥་ཡི་ནང་ཚུད་ལ་མི་གྲངས་འབུམ་༡་ལ་བརྟག་དཔྱད་བྱ་ཐུབ་རྒྱུ་ཡིན་པ་བསྒྲགས་འདུག འོན་ཀྱང་། རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་པ་སྐུ་ཞབས་(PG Kamath)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རིགས་རྫས་བརྟག་དཔྱད་བྱེད་སའི་ལྟེ་གནས་དེ་ནི་གཙོ་བོ་རྒྱ་ནག་རྒྱལ་ནང་ནས་ཡོང་བའི་བཅིངས་གྲོལ་དམག་མིའི་ཆེད་དུ་ཡིན་པ་ལས། བོད་མི་ཚོར་ལ་དུག་ན་ཚ་དང་ས་མཐོའི་དཀའ་ངལ་རིགས་ཧ་ལམ་མེད་པ་ལྟ་བུ་ཡིན་པ་མ་ཟད། བོད་མི་ཚོ་ནི་མཐོ་སྒང་དུ་འཚོ་གནས་ཐད་གོམས་འདྲིས་ཡོད་པའི་མི་རིགས་ཤིག་ཀྱང་ཡིན་ཞེས་འགྲེལ་བརྗོད་གནང་སོང་།
གཞིས་ཀ་རྩེའི་ཁུལ་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མི་ཟེར་བའི་སྨན་ཁང་ཨང་༩༥༣་ནང་རིགས་རྫས་ཚོད་ལྟ་བྱེད་ཕྱོགས་དང་འབྲེལ་བའི་མཐུན་རྐྱེན་སྦྱོར་ཡོད་པ་དེ་དག་གི་དམིགས་ཡུལ་གཙོ་བོ་ཞིག་ནི། ལ་དུག་ན་ཚ་ལ་སོགས་པའི་ས་མཐོའི་ནད་གཞི་རིགས་ལ་སྔོན་འགོག་དང་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རྒྱ་ནག་གཞུང་གིས་བསྒྲགས་འདུག
ཡང་རྒྱ་ནག་གཞུང་གིས་ས་མཚམས་བརྟན་ལྷིང་ཞེས་བརྗོད་དེ་ས་མཚམས་ཁུལ་དུ་འཛུགས་བསྐྲུན་ཡར་རྒྱས་དང་དམག་མི་འབོར་ཆེན་འགྲེམས་འཇོག་སོགས་བྱས་དང་བྱེད་མུས་ཡིན། འོན་ཀྱང་། ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་ས་མཚམས་བརྟན་ལྷིང་ཟེར་བ་དེས་རྒྱ་གར་གཙོས་པའི་བོད་འབྲེལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བདེ་སྲུང་གི་ཐོག་ནས་དོ་ཕོག་ཤུགས་ཆེར་ཡོང་གི་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་དུ་གྲོང་གསེབ་གསར་སྐྲུན་ལས་གཞི་སྤེལ་བཞིན་ཡོད་པ་དེའི་ཐབས་བྱུས་གཙོ་བོ་ཞིག་ནི་མི་སེར་དཀྱུས་མ་དང་དམག་མི་ཟུང་འབྲེལ་གྱིས་མཐའ་མཚམས་སྲུང་བའི་ཐབས་བྱུས་ཤིག་ཡིན་པ་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
ད་དུང་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་པ་སྐུ་ཞབས་(PG Kamath)་ ལགས་ཀྱིས། སྤྱི་ལེ་༤༠༠༠་ཙམ་ཡོད་པའི་ས་མཚམས་ས་ཁུལ་ཚང་མའི་ཐོག་རྒྱ་ནག་གཞུང་གིས་དམག་མི་འགྲེམས་འཇོག་བྱེད་རྒྱུ་ཁག་པོ་ཆགས་ཡོད་པས། དེ་དག་གདོང་ལེན་ཡོང་བར་བོད་མི་གྲོང་གསེབ་བ་མང་པོ་ཞིག་ས་མཚམས་ཁུལ་དུ་བཙན་གྱིས་གནས་སྤོས་གཏོང་གི་ཡོད། མཐའ་མཚམས་ཁུལ་དུ་གྲོང་གསེབ་གསར་རྒྱག་དེ་དག་བོད་མིའི་ཁེ་ཕན་ཆེད་དུ་ཡིན་པ་ནམ་ཡང་བསམ་རྒྱུ་མེད། མཐའ་མཚམས་ཁུལ་དུ་གནས་སྤོས་ཟིན་པའི་བོད་མི་དེ་དག་གིས་མཐའ་མཚམས་སྲུང་སྐྱོབ་ཐད་ཕན་ཐོག་ངེས་ཅན་ཞིག་ཡོང་གི་ཡོད་ལ། དེ་ནི་དམག་དོན་ཐབས་བྱུས་ཤིག་ཀྱང་ཡིན། གྲོང་གསེབ་དེ་དག་བརྒྱུད་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་གྱི་མཐའ་སྲུང་དམག་མིའི་གནས་སྟངས་སྐོར་ལས་སླར་པོའི་ངང་མཁྱེན་རྟོགས་ཡོང་ཐུབ་ཅེས་འགྲེལ་བརྗོད་གནང་སོང་།
གཞན་དེ་དང་ཕྱོགས་མཚུངས་འདི་ལོ་ནས་བཟུང་། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་བསྟུན། རྒྱ་ནག་གཞུང་གིས་དམག་དོན་དབྱར་གསེང་སྦྱོང་བརྡར་ཟེར་བའི་ལས་གཞི་ཞིག་སྤེལ་ཏེ། ལྷ་ས་དང་ཉིང་ཁྲི་སོགས་ནས་ལོ་ན་༨་ནས་༡༦་བར་གྱི་བོད་ཕྲུག་ཚོ་བསྡུ་བསྐོང་གིས། དྲག་པོའི་དམག་དོན་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་དམག་སྦྱོང་སྤྲད་ཟིན་པའི་བོད་ཕྲུག་དེ་དག་མ་འོངས་པར་མཐའ་མཚམས་ཁུལ་དུ་དྲག་དམག་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་པ་ཚོད་དཔག་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།