བརྒྱད་པའི་ཚེས་གཅིག་ཉིན་རྒྱ་ནག་ནང་གང་སར་རྒྱལ་ཞེན་གྱི་ལས་འགུལ་སྤེལ་བཞིན་ཡོད་འདུག

ཕྱི་ཟླ་ ༨ ཚེས་ ༡ ཉིན་མོ་འདི་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་གསར་འཛུགས་བྱེད་པའི་དུས་ཚིགས་འཁེལ་བར། བོད་རང་སྐྱོང་ལྗོང་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཅུན་ཀྲེང་གིས་བོད་སྡོད་དམག་གི་དཔུང་སྡེ་ཞིག་ལ་ལྟ་སྐོར་བྱས་ཏེ། ཉེ་ཆར་པེ་ཅིན་དུ་ཚོགས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཚོགས་དུས་ ༣ སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་བཞིན། རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་དམག་དཔུང་དང་ཉེན་རྟོག་རུ་ཁག་ཤུགས་ཆེ་རུ་གཏོང་དགོས་པའི་ལམ་སྟོན་སྐོར་ནན་བཤད་བྱས་ཡོད་པས། འདིའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ས་མཚམས་ཀྱི་གནད་དོན་ཐད་ཆེད་ལས་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། རྒྱ་ནག་དམར་ཤོག་ཚོགས་པ་དེ་སྲ་བརྟན་ཐུབ་མ་ཐུབ་ནི་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་སྲ་བརྟན་ཡོད་མེད་ལ་རག་ལུས་ཡོད་པས། རྒྱ་ནག་གཞུང་གིས་ཏང་སྲིད་དམག་གསུམ་དེ་གལ་ཆེན་ལ་བརྩི་བཞིན་པ་དང་། ཞི་ཅིན་ཕིན་གྱིས་ཉེ་བའི་ཆར་དམག་གི་ཤུགས་ལ་བརྟེན་ནས་རྒྱ་ནག་གི་ཁ་ཕྱོགས་ལ་འགྱུར་བ་འགྲོ་དགོས་པ་སོགས་ནན་བརྗོད་བྱས་ཡོད་པ་གསུངས་ཤིང་། ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་ནང་དཔའ་བོ་དང་རྒྱལ་ཞེན་གྱི་ལྟ་བ་སྐུལ་སློང་བྱེད་རྒྱུར་དམིགས་ཀྱི་ཡོད་པ་སོགས་གསུངས་བྱུང་།
ཡང་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བ་བཙུགས་ནས་ལོ་ངོ་ ༩༧ འཁོར་བར་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་དུས་དྲན་སྲུང་བརྩི་བྱེད་བཞིན་པར་ངོ་རྒོལ་ཆེད་ཕྱི་ཟླ་ ༧ ཚེས་ ༣༠ དགོང་དྲོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཕགས་བོད་མཛའ་འབྲེལ་ཚོགས་པ་ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལི་བྷིཀ་ཇི་ཀ་མ་མེ་འཁོར་འབབ་ཚུགས་ཀྱི་ཕྱི་ལོགས་སུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། བོད་དོན་ཞི་བའི་རྔམ་སྟོན་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བརྒྱུད་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་བཅའ་སྡོད་སློབ་གྲྭས་གཙོས་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ངན་པ་ལག་བསྟར་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་གསལ་སྟོན་གྱི་ཆེད་དུ་ལས་འགུལ་སྤེལ་བ་ཡིན་ཞེས་གསུངས་བྱུང་།
རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་ནི་ཕྱི་ལོ་ ༡༩༢༧ ཟླ་ ༨ ཚེས་ ༡ ཉིན་གསར་འཛུགས་བྱས་པ་ཞིག་ཡིན་པ་དང་། ཉིན་མོ་དེར་རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་དཔུང་དང་དམག་མི་ལ་རྒྱབ་སྐྱོར་གྱི་བྱ་འགུལ་ཤུགས་ཆེན་པོ་སྤེལ་གྱི་ཡོད་པ་རེད།
ཞི་ཅིན་ཕིན་ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་དང་དབུས་དམག་དོན་ལྷན་ཁང་གི་གཙོ་འཛིན་དུ་བསྐོ་བཞག་བྱས་པ་ནས་བཟུང་། ཐབས་ཇུས་རྒྱབ་སྐྱོར་དམག་དཔུང་དང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་རོགས་སྐྱོར་དཔུང་སྡེ་གསར་འཛུགས་བྱས་པ་སོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་དཔུང་དང་སྒྲིག་འཛུགས་ཀྱི་ངོ་བོར་བསྒྱུར་བཅོས་བཏོང་བ། འཕྲུལ་རིག་ཡར་རྒྱས་གཏོང་ཆེད་མ་རྩ་ཆེན་པོ་བཏང་ནས་དྲྭ་རྒྱའི་དམག་འཐབ་དང་། མི་བཟོས་རིག་ནུས། མཚོ་དམག་གྲུ་གཟིངས་དང་མེ་ཤུགས་འཕུར་མདའི་མ་ལག་བཅས་ལ་ཡར་རྒྱས་གལ་ཆེན་དུ་བཟུང་བ་སོགས་རྒྱ་སྐྱེད་དང་ཡར་རྒྱས་གཏང་ཡོད་པ་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།