སྲོག་གཅོད་ཀྱི་ཆེད་ཕག་པ་དང་བྱ་གསོ་འདོད་མེད་ཟེར།
2016.05.25
དཀར་མཛེས་ཁུལ་ཉག་རོང་རྫོང་དུ་གཞུང་ཕྱོགས་ནས་ཕག་པ་དང་བྱ་གསོ་དགོས་པའི་བྱ་འགུལ་ཞིག་སྤེལ་བཞིན་པ་དེར་མང་ཚོགས་མང་པོས་དགའ་མོས་བྱེད་ཀྱི་མེད་པ་རེད་འདུག
དེ་ཡང་ཉེ་ཆར་དཀར་མཛེས་ཁུལ་ཉག་རོང་རྫོང་དུ་རྫོང་དང་ཁུལ་རིམ་པའི་སྲིད་གཞུང་གིས་དམངས་ཚོགས་རྣམས་ལ་འདོད་མོས་ཡོད་མེད་ལ་མ་ལྟོས་བར་ས་གནས་ཀྱི་མང་ཚོགས་ཚོས་ཕག་པ་དང་བྱ་གསོ་དགོས་པའི་ལས་དོན་ཞིག་སྤེལ་བཞིན་ཡོད་པ་ས་གནས་དེ་གའི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་ཡོད།
ཡིན་ནའང་ས་གནས་མང་ཚོགས་ཀྱིས་བརྗོད་ན། ང་ཚོ་མང་ཚོགས་ཀྱི་བློ་དང་མཐུན་པའི་བྱ་བ་ཞིག་ཡིན་ན་ང་ཚོས་མི་སྒྲུབ་ཅེས་བཤད་ཀྱི་མ་རེད། འོན་ཀྱང་ཕག་པ་དང་བྱ་གསོ་བའི་བྱ་འགུལ་འདི་ནི་སྲོག་གཅོད་ཀྱི་ལས་ཞིག་ཡིན་པས་བསྒྲུབ་ཐབས་གཏན་ནས་མེད་ཟེར།
ཡིན་ནའང་ཁུལ་སྲིད་གཞུང་ཕལ་ཆེར་གྱིས་གལ་སྲིད་ཕག་པ་དང་བྱ་མ་གསོས་ན་སྲིད་གཞུང་གིས་དམངས་ཚོགས་སྦྱིན་འབབ་རོགས་སྐྱོར་བྱེད་པ་མེད་པར་བཟོ་རྩིས་ཡོད་ལ། དེ་ཡང་ཕག་པ་དང་བྱ་གསོ་འདོད་མེད་པའི་མང་ཚོགས་སུ་ཡིན་ན་དེས་ཕག་བྱ་མི་གསོ་ཞེས་སྲིད་གཞུང་གིས་སྦྱིན་འབབ་རྣམས་མི་དགོས་བ་ཞིང་པའི་ཡི་གེ་ལ་མཛུབ་ཐེལ་རེ་དགོས་ཚུལ་གྱིས་བཙན་ཤེད་བྱེད་བཞིན་ཡོད་ཚུལ་བརྗོད་ཡོད།
ས་གནས་བོད་མི་དེས་བརྗོད་ན། ཆོས་དད་ཀྱི་མི་རིགས་ཞིག་གི་སེམས་ཅན་གསོད་པའི་ཆེད་དུ་གསོ་རུ་བཅུག་ན། ང་ཚོར་ཆོས་ལུགས་རང་དབང་མ་སྦྱིན་པའི་རྣམ་པ་ཆགས་ཀྱི་ཡོད་ཟེར།
ཡིན་ནའང་སྲིད་གཞུང་གི་ཕྱོགས་ནས་མང་ཚོགས་ནང་ཕག་བྱ་གསོ་རུ་འཇུག་པའི་དམིགས་ཡུལ་ནི། མི་མང་གི་འཚོ་བ་ཡར་རྒྱས་ཆེད་ཡིན་མིན་དང་། དེའི་ཡོང་སྒོ་མང་ཚོགས་ལ་རེག་གི་ཡོད་མེད་སོགས་ད་ལྟ་གང་ཡང་ཤེས་རྟོགས་མེད་ལ། ས་གནས་མང་ཚོགས་ཚོས་དེ་ནི་སྲོག་གཅོད་ཀྱི་བྱ་འགུལ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ཟེར།
གསར་འགོད་པ་ལྕགས་མོ་འཚོ།