བོད་པ་ཁ་ཆེ་བ་ཚོ་བོད་ལ་ཕྱིར་ལོག་རྒྱུའི་ཆོད་སེམས་དང་རེ་བ་མུ་མཐུད་དུ་གནས་འདུག
2018.07.03
རྒྱ་གར་ཀ་ཤེ་མིར་ནང་ཡོད་པའི་བོད་པ་ཁ་ཆེ་བ་ཚོ་བོད་ལ་ཕྱིར་ལོག་རྒྱུའི་ཆོད་སེམས་དང་རེ་བ་མུ་མཐུད་དུ་བརྟན་པོར་གནས་ཡོད་འདུག
དེ་ཡང་དབྱིན་ཡུལ་ནས་ཡིན་པའི་སྐུ་ཞབས་(Andrew Whitehead)ཞུ་བའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག་ཉིན་ཤས་གོང་རྒྱ་གར་བྱང་ཕྱོགས་འཇམ་མུ་ཀ་ཤེ་མིར་མངའ་ཁུལ་དུ་ཕེབས་པའི་སྐབས་ཀྱི་མྱོང་ཚོར་གནས་ཚུལ་ཞིག་བཀོད་ཐོན་བྱུང་བའི་ནང་། ཁོང་གིས་ཤི་རི་ན་གར་གྱི་ས་གནས་ཧ་ཝལ་ཞེས་པའི་ནང་བོད་པའི་ཁ་ཆེ་བ་ཁྱིམ་ཚང་ ༣༥༠ ཙམ་ཞིག་གནས་སྡོད་བྱེད་ཡུལ་དུ་ཕེབས་པའི་སྐབས། བོད་པའི་ཁ་ཆེ་བ་ཚོས་ཁ་ཆེའི་ཆོས་ལུགས་ཀྱི་ཨིཏ་ཞེས་པའི་དུས་ཆེན་སྲུང་བརྩི་ཞུ་བའི་སྐབས་འཁེལ་ཡོད་སྟབས་ཁྱིམ་ཚང་ཞིག་ལ་ཕེབས་འདུག་པ་དང་། བོད་པའི་ཁ་ཆེ་བ་ཚོ་ཆོས་ལུགས་ཁ་ཆེ་ཡིན་ནའང་གོམས་སྲོལ་བོད་པ་ནང་བཞིན་ཡོད་པ་མ་ཟད་མཐའ་ན་དུས་ཆེན་དེའི་ཟས་རིགས་ཀྱང་བོད་པའི་ཟས་རིགས་ལོངས་སུ་སྤྱོད་ཀྱི་ཡོད་ལུགས་བཀོད་འདུག ལྷག་པར་དུ་ཁོང་ཚོས་སེམས་ཚོར་ཆེན་པོས་དེ་སྔའི་བོད་ནང་ཡོད་པའི་སྐབས་ཀྱི་ལོ་རྒྱུས་བཤད་ཀྱི་འདུག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཁོང་ཚོ་ཁ་ཆེའི་ཆོས་བྱེད་མཁན་ཡིན་པའི་དབྱེ་འབྱེད་རྩ་བ་ནས་གནང་གི་མ་རེད། དེ་འདྲ་ཡིན་དུས་ཁོང་ལ་དམིགས་བསལ་གྱི་གུས་བརྩི་ཆེན་པོ་ཡོད་ཞུ་གི་ཡོད་པ་དང་། མ་འོངས་པར་བོད་ལ་ཕྱིར་ལོགས་བྱེད་རྒྱུའི་རྨི་ལམ་དང་རེ་བ་མུ་མཐུད་ནས་གནས་ཡོད་པ་འགྲེལ་བརྗོད་བྱས་ཡོད་ལུགས་བཀོད་འདུག
ཡང་གནས་ཚུལ་ནང་མུ་མཐུད་ནས་འགྲེལ་བརྗོད་བྱེད་པར་ལྟར་ན། ཀ་ཤེ་མིར་མངའ་ཁུལ་དུ་གནས་སྡོད་བྱེད་མཁན་བོད་པའི་ཁ་ཆེ་བ་ཚོའི་མི་རྒྱུད་ནི་དེ་སྔ་དུས་རབས་བཅུ་གསུམ་པའི་ནང་ཚོང་རྩག་རྕིག་རྒྱབ་རྒྱུའི་ཆེད་ལ་དྭགས་བརྒྱུད་བོད་ལ་བསྐྱོད་པ་དང་སྐབས་དེར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ཀ་ཤི་མིར་དང་ལ་དྭགས། བལ་ཡུལ། དབུས་ཨེ་ཤ་ཡའི་རྒྱལ་ཁབ་ནས་བོད་ནང་སླེབས་འབྱོར་བྱུང་བའི་ཁ་ཆེ་བའི་ཚོང་པ་ཚོར་ཐུགས་གཟིགས་པ་ཆེན་པོའི་ཐོག་ནས་སྡོད་གནས་ས་ཆ་དམིགས་བསལ་གསོལ་རས་གནང་ནས་ལྷ་སའི་ཁུལ་གཞིས་སྡོད་བྱས་པ་ཞིག་ཡིན་པ་དང་། དེ་ནས་རིམ་པས་བོད་ནང་སྒེར་ལངས་ཀྱི་དོན་རྐྱེན་བྱུང་བའི་རྗེས་སུ་ཁྱིམ་ཚང་མང་པོ་ཞིག་རྒྱ་གར་བྱང་ཤར་ཀ་སྦུག་བརྒྱུད་རིམ་པས་ཁ་ཆེ་བ་མང་ས་ཀ་ཤི་མིར་ཁུལ་གཞིས་སྤོས་བྱས་ཡོད་པ་དང་ཀ་ཤི་མིར་ཡུལ་མི་ཚོས་ཀྱང་ཁོང་ཚོར་སྣེ་ལེན་དང་མཐུན་འགྱུར་ཧ་ཅང་ཡག་པོ་བྱས་ཡོད་པ་སོགས་ཀྱི་ལོ་རྒྱུས་རྣམས་ངོ་སྤྲོད་གནང་ཡོད་འདུག འོན་ཀྱང་ད་ལྟའི་ཆར་བོད་པའི་ཁ་ཆེ་བ་ཚོ་རྒྱ་གར་གྱི་མི་སེར་ལག་འཁྱེར་ཡོད་ཀྱང་ས་གནས་ཡུལ་མི་ལྟར་ཐོབ་ཐང་འདྲ་མཉམ་མེད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།