རྒྱ་ནག་གི་ཉ་པའི་གྲུ་གཟིངས་ཀྱི་དཔུང་ཚོགས་ཕྱིར་འཐེན་དགོས་སྐོར་བརྗོད་པ།
ཕྱི་ཟླ་༤པའི་ཚེས་༢༠་ནས་སླར་ཡང་རྒྱ་ནག་གི་ཉ་པའི་གྲུ་གཟིངས་༡༦༠ཙམ་གྱི་དཔུང་ཚོགས་ནས་Philippinesགི་དམིགས་བསལ་ཅན་གྱི་དཔལ་འབྱོར་ས་ཁུལ་དུ་འཛུགས་བསྐྲུན་བྱས་པའི་མཚོ་ཁའི་ཉེ་འཁྲིས་སུ་དཔུང་འཇུག་གིས་གནས་བཞིན་པར་ཕྱིར་འཐེན་དགོས་པ་བརྗོད་ཀྱང་། རྒྱ་ནག་གིས་ཡ་ལན་མ་བྱས་པའི་ཐད་Philippinesགཞུང་གིས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
Philippines གི་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གི་མཚོ་གྲུས་དཔུང་ཚོགས་ཀྱིས་Philippines གི་མཚོ་ཁུལ་དུ་དཔུང་འཇུག་བྱེད་བཞིན་པ་དེ་ནི་རྒྱ་ནག་ངོས་ནས་མངའ་ཁུལ་ལ་ཞི་བདེ་བརྟན་ལྷིངས་འདོད་ཚུལ་བརྗོད་བཞིན་པའི་ལངས་ཕྱོགས་དང་མ་མཚུངས་པར་མངའ་ཁུལ་ལ་ཞི་བདེ་བརྟན་ལྷིངས་མེད་པ་བཟོ་ཡི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
Philippines གིས་རྒྱ་ནག་གིས་ཉ་པའི་གྲུ་གཟིངས་༡༦༠ཙམ་གྱི་ཐོག་རྒྱ་ནག་གི་མཚོ་ཁ་སྲུང་སྐྱོབ་བྱེད་མཁན་གྱི་གྲུ་གཟིངས་ལྔ་ཡོད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པར། རྒྱ་ནག་གིས་ཉ་པའི་གྲུ་གཟིངས་ཀྱི་གནད་དོན་གླེང་སློང་མ་བྱས་པའི་ཐོག་ནས་མཚོ་ཁ་སྲུང་སྐྱོབ་བྱེད་མཁན་གྲུ་གཟིངས་ཁུལ་དེར་མེད་ལུགས་བརྗོད་ཡོད་པ་རེད།
རྒྱ་ནག་གིས་ Philippines་མཚོ་ཁུལ་ཉ་པའི་གྲུ་གཟིངས་ཡང་ཡང་བཏང་སྟེ་དཔུང་འཇུག་བྱེད་སའི་མཚོ་ཁུལ་དེ་ནི་རང་འབྱུང་གཏེར་གྱིས་ཕྱུག་པའི་མཚོ་ཁུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གིས་དེ་སྔོན་ཕྱི་ལོ་༢༠༡༦གི་ལོར་ཡང་ཁུལ་དེར་དཔུང་འཇུག་བྱས་པའི་གནད་དོན་བྱུང་བར་སྐབས་དེའི་Philippinesགཞུང་གིས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁྲིམས་གཏུགས་ཀྱི་རྗེས་སུ་རྒྱལ་སྤྱིའི་ཁྲིམས་ཁང་གིས་རྒྱ་ནག་ལ་ཁུལ་དེར་མཚོ་ཁུལ་གྱི་བདག་དབང་གང་ཡང་མེད་པའི་དཔྱད་ཁྲ་བཏང་ཡོད་པ་དང་། འོན་ཀྱང་རྒྱ་ནག་གིས་སྡིག་པ་མིག་བཙུམ་བྱས་ཏེ་དེར་བཀའ་བརྩི་དྭང་ལེན་མེད་པར་གནས་ཡོད་པ་རེད།
Philippines་གི་སྲིད་འཛིན་Duterteའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་ཆེད་རྒྱ་ནག་དང་བསྟུན་མཁས་གང་ཐུབ་ཀྱི་སྲིད་བྱུས་ཤིག་འཛིན་ཡོད་ཀྱང་ད་ཆ་རྒྱ་ནག་གི་བྱེད་བབ་འདིས་སྲིད་འཛིན་Duterte ཡང་སྐད་ཤོར་དགོས་པ་ཞིག་བཟོ་བཞིན་ཡོད་པ་དང་།སྲིད་འཛིན་Duterte ཡིས་རེས་གཟའ་ཟླ་བའི་ཉིན། གལ་ཏེ་རྒྱ་ནག་གི་ཉ་པའི་གྲུ་གཟིངས་ཀྱི་དཔུང་ཚོགས་Philippinesགི་མཚོ་ཁ་ནས་ཕྱིར་འཐེན་མ་བྱས་པ་ཡིན་ན། ཁོང་ནས་ཁུལ་དེར་རང་གི་མཚོ་དམག་དཔུང་སྡེ་བཀོད་སྒྲིག་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་པ་རེད།།