ཚོཊ་གཙོ་མཆོག་སྲིད་སྐྱོང་ལ་བཞེངས་རྒྱུའི་སྐོར་བསྐྱོད་གཏམ་བཤད།
2015.08.21

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་སྲིད་སྐྱོང་འོས་མིར་བཞེངས་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་འགོ་འཛུགས་གནང་འདུག
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཉེ་སྔོན་བཞུགས་སྒར་དུ་དབུས་གཙང་ཆོལ་ཁ་དང་། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཉིས་ཀྱིས་ཁོང་སྲིད་སྐྱོང་འོས་མིར་འདེམས་ཐོན་གྱི་རྒྱབ་སྐྱོར་གསལ་བསྒྲགས་གནང་པའི་རྗེས་ཚེས་༢༠ཉིན། དབུས་གཙང་ཆོལ་ཁའི་གོ་བསྒྲིགས་འོག་བཞུགས་སྒར་དུ་འོས་བསྡུའི་གཏམ་བཤད་ཐོག་མ་དེ་གནང་པའི་ཐོག་ཚེས་༢༡ནས་བཟུང་བོད་མི་གནས་ཡུལ་ས་ཁག་ལ་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་བ་དང་། ཚེས༢༡ཉིན་བཞུགས་སྒར་ནས་ཕྱོགས་ཐོན་གནང་འདུག
ཚོགས་གཙོ་མཆོག་ནས་ཐོག་མར། རྒྱལ་ས་ལྡི་ལི་དང་། Mysore Bangloreབཅས་སུ་བོད་རིགས་མཐོ་རིམ་སློབ་མ་རྣམས་དང་མཇལ་འཕྲད་ཀྱིས་གསུངས་བཤད་གནང་རྒྱུ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་Kollegalདོན་ལྡན་གླིང་དང་། Hunsurརབ་རྒྱས་གླིང་། Bylakuppe བདེ་སྐྱིད་སླར་གསོ་དང་། ལུགས་གསུམ་བསམ་གྲུབ་གླིང་། གདན་ས་ཆེན་པོ་སེར་ར་དང་། རྣམ་གྲོལ་གླིང་། དེ་རྗེས་Mundgodའདོད་རྒུ་གླིང་དང་། གདན་ས་ཆེན་པོ་འབྲས་སྤུངས་དང་། དགའ་ལྡན་བཅས་སུ་བོད་མི་སྐྱ་སེར་མང་ཚོགས་བཅས་དང་མཇལ་འཕྲད་ཀྱིས་སྲིད་སྐྱོང་འོས་མིར་བཞེངས་དགོས་དོན་དང་། མ་འོངས་ལས་འཆར་བཅས་ཀྱི་སྐོར་ངོ་སྤྲོད་གཏམ་བཤད་གནང་རྒྱུ་ཡིན་འདུག
དེ་ནས་སྤྱི་ཚེས་༢༩ཉིན་རྒྱ་གར་བྱང་ཕྱོགས་ཁུལ་དུ་བདེ་སྐྱིད་གླིང་དང་། ས་སྐྱ་ Herbertpur Poantaབོད་མིའི་གཞིས་ཆགས་བཅས་སུ་དེ་མཚུངས་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྐོར་བསྐྱོད་གནང་སྟེ་མཐར་ཕྱི་ཟླ་༩པའི་ཚེས་༡ཉིན་བཞུགས་སྒར་དུ་ཕྱིར་ལོག་གནང་རྒྱུ་ཡིན་འདུག
དེ་ཡང་སྤྱི་ལོ་༢༠༡༦ལོའི་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་༡༥པའི་སྲིད་སྐྱོང་གི་འོས་བསྡུའི་འགྲན་རྩོད་ནང་། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་མིའི་སྤྱི་མཐུན་མཉམ་སྦྲེལ་གྱི་འགན་འཛིན་བཀྲིས་དབང་འདུས་ལགས། དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཀླུ་མཁར་བྱམས་ལགས། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་བཀྲིས་སྟོབས་རྒྱལ་ལགས་བཅས་ད་ཕན་འོས་མི་ལྔས་སྲིད་སྐྱོང་འོས་མིར་བཞེངས་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
མི་མང་ལ་གཏམ་བཤད་ཐོག་མ་གནང་བའི་ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།
ཕྱོགས་བསྐྱོད་སྐོར་གྱི་གནས་ཚུལ་ཞིབ་ཕྲ་འདི་གའི་གསར་འགོད་པ་ཨྱོན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།