ཨ་རིའི་རྒྱལ་སའི་རྒྱལ་ཡོངས་གཅན་གཟན་ཁང་ནང་གི་དོམ་ཁྲ་ཕྱིར་རྒྱ་ནག་ལ་བཏང་འདུག

2023.11.09
ཨ་རིའི་རྒྱལ་སའི་རྒྱལ་ཡོངས་གཅན་གཟན་ཁང་ནང་གི་དོམ་ཁྲ་ཕྱིར་རྒྱ་ནག་ལ་བཏང་འདུག ཨ་རིའི་རྒྱལ་སའི་རྒྱལ་ཡོངས་གཅན་གཟན་ཁང་ནང་གི་དོམ་ཁྲ་ཕྱིར་རྒྱ་ནག་ལ་བཏང་བའི་མཚོན་དོན་རི་མོ།
RFA

བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ལོ་༢༠༠༠ལོར་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་གཅན་གཟན་ཁང་ལ་བླངས་བའི་དོམ་ཁྲ་ད་ཆ་ལོ་༢༥ཙམ་ཡིན་པའི་དོམ་ཁྲ་(Meixiang)་དང་། (Tiantian) དེ་བཞིན་ཁོ་གཉིས་ཀྱི་དོམ་ཕྲུག་ལོ་གསུམ་ཅན་(Xiao Qi Ji)་བཅས་གསུམ་པོ་འདི་ཚེས་༨རེས་གཟའ་ལྷག་པའི་ཉིན་ཕྱིར་རྒྱ་ནག་ལ་འཁྱེར་ཡོད་པ་དང་། དེ་ནི་ཨ་རི་དང་རྒྱ་ནག་ཡུལ་གཉིས་ཀྱིས་གན་རྒྱ་བཞག་པ་ལྟར་ཕྱིར་བཏང་བ་ཡིན་པ་ཡང་། མི་མང་ཚོས་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་འབྲེལ་ལམ་དེ་ཙམ་ཡག་པོ་མེད་པའི་སྐབས་དང་འཁེལ་ཡོད་དུས། ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་གྱུར་བའི་མཚོན་རྟགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
སྤྱི་ལོ་༡༩༧༢ལོར་ཨ་རིའི་སྲིད་འཛིན་(Richard Nixon)་ཡིས་དམར་ཤོག་གི་རྒྱལ་ཁབ་རྒྱ་ནག་ཏུ་འཚམས་གཟིགས་བྱས་རྗེས། རྒྱ་ནག་གཞུང་གིས་ཨ་རི་ལ་དོམ་ཁྲ་གཉིས་ཐོག་མར་ལག་རྟགས་སུ་སྤྲད་པའི་རྗེས། དོམ་ཁྲ་ལ་ཨ་རིའི་ནང་དགའ་མོས་བྱེད་མཁན་མང་པོ་བྱུང་ཡོད་པ་དང་། ལྷག་པར་དུ་བལྟ་སྐོར་ཡོང་མཁན་ཚོས་དགའ་མོས་བྱེད་བཞིན་པ་ལ་བརྟེན་དོམ་ཁྲ་བདག་གཅེས་ཀྱི་ལས་གཞི་གསར་འཛུགས་ལ་ཡོང་སྒོ་ཆེན་པོ་ཡོད་པ་ཤེས་རྗེས། རྒྱ་ནག་གིས་ཨ་རི་དང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་གཅན་གཟན་ཁང་དག་ལ་དོམ་ཁྲ་གླ་རྒྱུ་འགོ་བཙུགས་ཡོད་པ་དང་། རིམ་པས་དེ་ལ་དོམ་ཁྲའི་ཕྱི་འབྲེལ་ཞེས་འབོད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ལས་གཞི་དེ་ནི་རྒྱལ་ཁབ་གཞན་དང་ཕྱི་འབྲེལ་འཛུགས་པའི་ལག་ཆར་བེད་སྤྱོད་བྱས་ནས། འབྲེལ་ལམ་ཡག་ཏུ་འགྲོ་བའི་སྐབས་སུ་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་དོམ་ཁྲ་གནང་སྲོལ་ཡོད་པ་ཞིག་རེད་འདུག
འོན་ཀྱང་འདས་པའི་ལོ་ཁ་ཤས་ནས་ཨ་རི་དང་རྒྱ་ནག་བར་ཚོང་འབྲེལ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་གནད་དོན་མང་པོའི་ཐོག་ནས་འབྲེལ་ལམ་ཛ་དྲག་ཏུ་གྱུར་བ་དང་བསྟུན། ད་ཆ་ཨ་རིའི་ནང་དོམ་ཁྲ་འགའ་ཤས་ཤིག་ལས་ལྷག་མེད་པ་རེད།

panda dc.jpg
དེ་དང་འབྲེལ་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་གནས་ཚུལ་རྫུན་མ་སྤེལ་ནས། ཨ་རིའི་གཅན་གཟན་ཁང་གིས་དོམ་ཁྲ་ལ་བདག་སྐྱོང་གཅེས་ཉར་ཡག་པོ་མ་བྱས་བ་སོགས་ཀྱི་སྐྱོན་བརྗོད་གནས་ཚུལ་སྤེལ་མཁན་བྱུང་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་གྱི་གཅན་གཟན་ཁང་གི་འབྲེལ་ཡོད་ཀྱིས་བརྗོད་ན། གན་རྒྱ་ལྟར། ཁོ་ཚོས་དོམ་ཁྲ་སྲུང་སྐྱོབ་ཚོགས་པ་སོགས་རྒྱ་ནག་ལ་ལོ་ལྟར་ཨ་སྒོར་འབུམ་ལྔ་རེ་སྤྲོད་དགོས་ཀྱི་ཡོད་པ་དང་། ཨ་རིའི་རྒྱལ་ས་ཁུལ་དུ་ཡོད་པའི་རྒྱལ་ཡོངས་(Smithsonian zoo)་གཅན་གཟན་ཁང་གིས་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་དོམ་ཁྲ་སྐྱེས་འཕེལ་དང་གཉེར་སྲུང་སོགས་ཀྱི་སྐོར་ཞིབ་འཇུག་བྱས་ཡོད་འདུག


གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎