རྒྱ་གར་གྱི་མུམ་སྦའེ་ནང་དྲག་རྒོལ་དེ་པ་ཀི་སི་ཐན་དང་འབྲེལ་བ།
2008.12.31
༄༅༎ཉེ་ལམ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་རྒོལ་སྤེལ་མཁན་གྱི་དྲག་སྤྱོད་པ་རྣམས་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ལཤི་ཀར་ཨེ་ཏོའེ་སྦ་ཞེས་པའི་དྲག་སྤྱོད་སྒྲིག་འཛུགས་དང་འབྲེལ་བ་ཡོད་པ་པ་ཀི་སི་ཐན་གྱི་རྟོགས་ཞིབ་པ་ཚོས་ཤེས་རྟོགས་ཐུབ་ཡོད་སྐོར་ཨ་རིའི་ལྦོལ་སི་རིཏ་ཇར་ནེལ་གསར་ཤོག་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་གསར་ཤོག་འདིས་གནས་ཚུལ་སྤེལ་འདོན་ལྟར་ན་པ་ཀི་སི་ཐན་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ལཤེ་ཀར་ཨེ་ཏོའེ་སྦའི་ཚོགས་མི་ཛ་ར་ཤའ་ཟེར་བས་ཉེན་རྟོག་རྟོགས་ཞིབ་པར་རྒྱ་གར་ནང་དྲག་རྒོལ་གྱི་ལས་འགུལ་དེ་བརྒྱུད་སྐུལ་བྱེད་མཁན་ཞིག་ཁོ་པ་ཡིན་པ་ངོས་ལེན་བྱས་ཡོད་སྐོར་བཀོད་ཡོད་པ་དང་མིང་དོན་མ་བྱས་པའི་པ་ཀི་སི་ཐན་གཞུང་གི་ཉེན་རྟོག་དཔོན་རིགས་ཤིག་གིས་ཛ་ར་ཤའ་ཡིས་དྲག་རྒོལ་གྱི་ལས་དོན་དེ་དང་འབྲེལ་བ་ཡོད་པ་ངོས་ལེན་བྱེད་བཞིན་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་སྐོར་བཀོད་ཡོད་པ་རེད།
གོང་ཞུས་གསར་ཤོག་གི་ནང་གནས་ཚུལ་སྤེལ་འདོན་ལྟར་ན་ཨ་རིའི་གནས་ཚུལ་གསང་ཉན་བྱེད་མཁན་ཚོས་མུམ་སྦའེ་གྲོང་ཁྱེར་ནང་དྲག་སྤྱོད་པས་དྲག་རྒོལ་བརྩམས་བཞིན་པའི་སྐབས་དྲག་སྤྱོད་པས་པ་ཀི་སི་ཐན་ནང་ལཤེ་ཀར་ཨེ་ཏོའེ་སྦ་དྲག་སྤྱོད་མི་སྣ་ཛ་རའ་ཤའ་ལ་ཁ་དཔར་བརྒྱུད་སྐད་ཆ་བཤད་ཡོད་པ་དང་ཁོ་པས་ཁ་དཔར་ཐོག་དྲག་སྤྱོད་པ་ཚོར་ལས་དོན་མུ་མཐུད་བྱུས་བཀོད་བྱས་ཡོད་པའི་གནས་ཚུལ་ར་འཕྲོད་བྱུང་ཡོད་སྐོར་ཡང་བཀོད་ཡོད་པ་རེད།
ཉེ་ལམ་གྱི་དྲག་རྒོལ་གྱི་དོན་རྐྱེན་དེས་རྒྱ་གར་དང་པ་ཀི་སི་ཐན་དབར་སྤྱིའི་འབྲེལ་ལམ་ལ་དོ་ཕོག་གང་ཙམ་བཏང་ཡོད་པ་དང་རྒྱལ་ཁབ་དེ་གཉིས་ཀྱི་དབར་སླར་ཡང་དམག་འཐབ་ཀྱི་འཇིགས་པ་ཡོང་སྲིད་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད།